Link to home pageLanguagesLink to all Bible versions on this site
གསུང་མགུར་རེ་དགུ༌པ།
རོགས་རམ་འཚོལ་བའི་གསོལ་འདེབས།
1 ༼མེ་ཏོག་ཀུ་མུད་ཀྱི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ ཆུ་ཆེན་རྣམས་ཀྱིས་ང་རང་བསྣུབ་ལ༌ཉེ། །ཀྱེ་ཀྱེ་དཀོན་མཆོག་ང་ནི་སྐྱོབ་པར༌མཛོད།། 2 ང་རང་གཏིང་ཟབ་འདམ་ནང་ཟུག་པ༌དང༌། །དེ་རུ་རྐང་པ་འཛུགས་སའི་གནས་ཀྱང༌མེད། །ང་རང་གཏིང་ཟབ་ཆུ་ཡི་ནང་དུ༌སླེབས། །ང་ཡི་སྟེང་དུ་ཆུ་ལོག་བརྒྱུགས༌པ་འོ།། 3 འོ་དོད་བོས་ནས་ཆད་ཅིང་མགྲིན་པ༌བསྐམས། །དཀོན་མཆོག་ཉིད་ལ་བསྒུགས་ནས་མིག་ཤེད༌ཉམས།། 4 དོན་མེད་བདག་ལ་སྡང་བའི་མི་གྲངས༌ནི། །བདག་གི་མགོ་ཡི་སྐྲ་ལས་མང་བ༌ཡིན། །རྒྱུ་རྐྱེན་མེད་པར་ང་ཡི་དགྲར་ལངས༌ཤིང༌། །ང་རང་གསོད་པར་འདོད་པ་ཤིན་ཏུ༌མང༌། །མ་འཕྲོག་མ་བཅོམ་དེ་ཡང་འཇལ་དགོས༌བྱུང༌།། 5 དཀོན་མཆོག་ཁྱེད་ཀྱིས་ང་ཡི་གླེན་རྟགས༌མཁྱེན། །ང་ཡི་ཉེས་པ་ཁྱེད་ལ་སྦས་པ༌མེད།། 6 ཀྱེ་ཀྱེ་གཙོ་བོ་དཔུང་ཚོགས་ཀྱི་ཡ་ཝཱེ། །ཁྱེད་ལ་རེ་སྒུག་བྱེད་པའི་མི་རྣམས༌ནི། །ང་ཡི་རྐྱེན་གྱིས་ནོངས་པར་མི༌བྱ་འོ། །ཀྱེ་ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག༌ལགས། །ཁྱེད་ཉིད་འཚོལ་མཁན་མི་རྣམས་ང་ཡི༌རྐྱེན། །བརྙས་བཅོས་འཁེལ་བར་མི་མཛད་ཁྱེད་ལ༌མཁྱེན།། 7 ཅི་ལ་ཞེ་ན་བདག་གིས་ཁྱེད་དོན༌དུ། །སྨད་པ་བཟོད་ཅིང་གདོང་ཡང་ངོ་ཚས༌བཏུམས།། 8 རང་གི་སྤུན་ཟླ་ང་དང་རིང་དུ༌གྱེས། །མ་གཅིག་སྤུན་ལ་ང་རང་ཕྱི་མིར༌གྱུར།། 9 ཁྱེད་ཀྱི་བཞུགས་གནས་དོན་དུ་ང་རང༌ནི། །སེམས་པ་ཤིན་ཏུ་འཚབ་ནས་མེ་ལྟར༌འབར། །ཁྱེད་ལ་སྨད་པའི་སྨད་སྒྲ་ང་ལ༌ཕོག། 10 ང་རང་ངུ་ཞིང་ཟས་ཀྱང་མི་སྤྱོད་སྐབས། །ཐ་ན་དེ་ཡང་བདག་གི་ངོ་ཚར༌གྱུར།། 11 བདག་གིས་ལུས་ལ་རྩིད་རས་གྱོན་པ༌ན། །ཁོ་ཚོས་འཕྱ་དགོད་བྱེད་པའི་ཡུལ་དུ༌གྱུར།། 12 མཁར་སྒོར་བསྡད་པས་ང་ཡི་སྐོར་གླེང༌ཞིང༌། །ང་རང་ཆང་རྐྱལ་རྣམས་ཀྱི་གླུ་རུ༌གྱུར།། 13 འོན་ཀྱང་ཀྱེ་ཀྱེ་ཡ་ཝཱེ་བདག་གིས༌ནི། །ཁྱེད་ཐུགས་མཉེས་དུས་ཁྱེད་ལ་སྨོན་ལམ༌འདེབས། །དཀོན་མཆོག་ཁྱེད་ཀྱི་བྱམས་བརྩེ་ཆེན་པོ༌དང༌། །བློས་ཐུབ་ཐར་པའི་ནང་དུ་བཀའ་ལན༌གནོངས།། 14 འདམ་གྱི་ནང་ནས་ང་རང་སྐྱོབ་པར༌ཞུ། །ང་རང་དེའི་ནང་ནུབ་ཏུ་མི་འཇུག༌རོགས། །ང་ལ་ཞེ་འཁོན་འཛིན་པའི་མི་རྣམས༌དང༌། །གཏིང་ཟབ་ཆུ་ལས་ང་རང་སྐྱོབ་པར༌མཛོད།། 15 ང་རང་ཆུ་ལོག་ལ་ནི་བསྣུབ་མ༌འཇུག །གཏིང་ཟབ་ཆུ་ལ་མིད་དུ་ཡང་མ༌འཇུག །ངའི་སྟེང་དོང་ཁ་བཙུམ་པར་མི་མཛད༌རོགས།། 16 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་བྱམས་བརྩེ༌ནི། །གཞི་ནས་ལེགས་པས་བདག་ལ་བཀའ་ལན༌གནོངས། །ཁྱེད་ཀྱིས་ཉིད་ཀྱི་སྙིང་རྗེ་ཆེན་པོ༌བཞིན། །ཞལ་རས་ང་ཡི་ཕྱོགས་སུ་འཁོར་བར༌མཛོད།། 17 ཁྱེད་ཀྱི་ཞབས་ཕྱིར་ཞལ་ངོ་མི་སྦ༌བར། །ང་རང་སྡུག་པས་མྱུར་དུ་བཀའ་ལན༌གནོངས།། 18 ང་ཡི་ཉེ་སར་ཕེབས་ཏེ་ང་སྐྱོབ༌རོགས། །དགྲ་རྣམས་རྐྱེན་གྱིས་ང་ནི་བླུ་བར༌མཛོད།། 19 ང་ལ་ཕོག་པའི་འཕྱ་དམོད་བརྙས་བཅོས༌དང༌། །དམའ་འབེབས་བཅས་ནི་ཁྱེད་ཀྱིས་ཀུན་ནས༌མཁྱེན། །བདག་གི་དགྲ་བོ་ཐམས་ཅད་ཁྱེད་མཁྱེན༌ནོ།། 20 འཕྱ་དམོད་ཚིག་ནི་བདག་གི་སེམས་ལ༌ཕོག །ང་རང་སྐྱོ་ཞིང་སྡུག་བསྔལ་གནས་སུ༌ལྷུང༌། །སྙིང་རྗེ་བྱེད་མཁན་བཙལ་ཡང་གཅིག་ཀྱང༌མེད། །སེམས་གསོ་ཨེ་འཐོབ་སྙམ་ཡང་ཐོབ་མ༌བྱུང༌།། 21 ང་ཡི་ཟས་སུ་མཁྲིས་ཁུ་བསྲེས་པ༌དང༌། །སྐོམ་པ་སེལ་ཕྱིར་ང་ལ་སྐྱུར་ཁུ༌བླུགས།། 22 དེ་རྣམས་གསོལ་ལྕོག་དེ་ཚོར་རྙི་རྒྱ༌དང༌། །བདེ་བའི་དུས་ཀྱི་ལྕགས་ཀྱུ་རུ་གྱུར༌ཅིག། 23 དེ་རྣམས་མིག་དབང་ཉམས་ནས་མི་མཐོང༌ཞིང༌། །རྐེད་པ་རྒྱུན་ཆད་མེད་པར་གཡོ་བར༌ཤོག། 24 ཁྱེད་ཀྱི་ཐུགས་ཁྲོ་དེ་ཚོའི་སྟེང་བླུགས༌ནས། །ཁྲོ་གཏུམ་གྱིས་ནི་ཁོ་རྣམས་ཟིན་གྱུར༌ཅིག། 25 དེ་ཚོའི་སྡོད་གནས་སྟོངས་ཤིང་སྟོང་པར༌ཤོག །གུར་ནང་སུ་ཡང་གནས་པར་མ་གྱུར༌ཅིག། 26 ཁྱེད་ཀྱིས་བརྡུངས་པར་དེ་ཚོས་འཚེ་བ༌དང༌། །ཁྱེད་ཀྱིས་རྨས་པར་མཛད་པའི་མི་དེ༌ཡི། །ཟུག་གཟེར་ལ་ཡང་དེ་ཚོས་འཕྱ་བས༌སོ།། 27 ཉེས་ཆད་སྟེང་ལ་ཉེས་ཆད་བསྣན་ནས༌ནི། །ཁྱེད་ཀྱི་དྲང་བདེན་ནང་དུ་མི་འཇུག༌རོགས།། 28 དེ་རྣམས་སྲོག་གི་གླེགས་བམ་ལས་བསུབས༌ནས། །དྲང་བདེན་ཁྲོད་དུ་འབྲི་བར་མི་མཛད༌རོགས།། 29 འོན་ཀྱང་ང་ནི་སྐྱོ་ཞིང་སྡུག་བསྔལ༌ཅན། །ཀྱེ་ཀྱེ་དཀོན་མཆོག་སྐྱབས་ཀྱིས་བསྲུང་བར༌མཛོད།། 30 དཀོན་མཆོག་མཚན་ལ་བསྟོད་པའི་མགུར་མ༌ལེན། །གཏང་རག་ཕུལ་ནས་ཁོང་གི་ཆེ་བ༌བརྗོད།། 31 འདི་ལ་ཡ་ཝཱེ་གླང་གོག་ཕུལ༌བ་འམ། །ཡང་ན་གླང་ཐུག་རྭ་དང་རྨིག་པ༌ཅན། །ཕུལ་བ་ལས་ཀྱང་རབ་ཏུ་དགྱེས་པ༌ཡིན།། 32 སྙེམས་ཆུང་རྣམས་ཀྱིས་མཐོང་ནས་དགའ་བར༌འགྱུར། །ཀྱེ་མ་དཀོན་མཆོག་འཚོལ་བའི་མི་རྣམས༌ལགས། །ཁྱོད་ཅག་སེམས་ནི་གསོན་པོར་གནས་གྱུར༌ཅིག། 33 ཡ་ཝཱེས་དབུལ་པོ་རྣམས་ལ་གསན་པ༌དང༌། །ཉིད་ཀྱི་བཙོན་པར་མཐོང་ཆུང་མི་མཛད༌དོ།། 34 གནམ་དང་ས་དང་རྒྱ་མཚོ་ཆེན་པོའི༌ནང༌། །འགྲུལ་བ་ཀུན་གྱིས་ཁོང་ལ་བསྟོད་པར༌ཤོག། 35 དཀོན་མཆོག་ཉིད་ཀྱིས་ཛ་ཡན་སྐྱོབ་པར༌མཛད། །ཡ་ཧུ་དཱ་ཡི་གྲོང་ཁྱེར་བརྩིག་པར༌འགྱུར། །ཁོང་གི་མི་རྣམས་དེའི་ནང་གནས་པ༌དང༌། །ཡུལ་དེ་བདག་ཏུ་འཛིན་པར་འགྱུར༌བ་འོ། ། 36 ཁོང་གི་ཞབས་ཕྱི་དག་གི་བུ་རྒྱུད༌རྣམས། །ཐམས་ཅད་ཡུལ་དེའི་བདག་པོར་འགྱུར་བ༌དང༌། །ཁོང་མཚན་གཅེས་སུ་འཛིན་པ་དེ་རུ༌གནས།།

<- གསུང༌མགུར། 68གསུང༌མགུར། 70 ->
  • གསུང༌མགུར།