Link to home pageLanguagesLink to all Bible versions on this site
གསུང་མགུར་དྲུག༌པ།
དཀའ་སྡུག་ཁྲོད་དུ་སྐྱབས་གསོལ་བའི་སྨོན་ལམ།
1 ༼གཞས་གདངས་བརྒྱད་པའི་ནང་དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར་སྒྲ་སྙན་སྤེལ༌མ།༽ ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱིས་ང་རང༌ལ། །ཐུགས་ཁྲོ་དང་བཅས་བཀའ་བཀྱོན་མི་མཛད༌རོགས། །ཁྲོ་གཏུམ་ནང་དུ་ཉེས་ཆད་མི་གཅོད༌རོགས།། 2 ང་རང་རྒུད་པས་སྙིང་རྗེས་གཟིགས་སུ༌གསོལ། །རུས་པར་ན་ཟུག་ལངས་པས་གསོ་བར༌མཛོད།། 3 ཀྱེ་ཀྱེ་ཡ་ཝཱེ་ངའི་སེམས་ཤིན་ཏུ༌འཁྲུགས། །ནམ་ཞིག་ཁྱེད་ཀྱིས་ང་རང་བསྐྱབ་མཛད༌དམ།། 4 ཁྱེད་ཕྱིར་འཁོར་ནས་ང་རང་སྐྱོབ་པར༌མཛོད། །ཉིད་ཀྱི་བྱམས་བརྩེའི་དབང་གིས་སྐྱོབ་པར༌མཛོད།། 5 འདས་པོས་ཁྱེད་ཉིད་མི་དྲན་གཤིན་ཡུལ༌དུ། །ཁྱེད་ལ་གཏང་རག་འབུལ་མཁན་སུ་ཡོད༌དམ།། 6 ང་ནི་འཁུན་སྒྲ་ཕྱུང་ནས་ཐང་ཆད༌ཅིང༌། །ཞག་མ་རེ་རེར་མཆི་མ་བཞུར་ནས༌ནི། །མལ་ཁྲི་གཡེངས་ཤིང་མལ་སྟན་སྦངས༌པ་འོ།། 7 སྐྱོ་གདུང་དབང་གིས་ང་ཡི་མིག་ཟུང༌བསྒྲིབས། །དགྲ་བོ་ཀུན་པོའི་རྐྱེན་གྱིས་མིག་དབང༌ཉམས།། 8 ཡ་ཝཱེས་ང་ཡི་འོ་དོད་གསན་ཟིན༌པས། །སྡིག་སྤྱོད་ཅན་རྣམས་ང་དང་འབྲལ་བར༌གྱིས།། 9 ཡ་ཝཱེས་ང་ཡི་ཞུ་བར་གསན་ཟིན༌པས། །ཁོང་གིས་ང་ཡི་གསོལ་འདེབས་ཐུགས་སུ༌བཞེས།། 10 ང་ཡི་དགྲ་ཀུན་ནོངས་ཤིང་འཚབ་པ༌དང༌། །ཕྱི་བསྣུར་བྱེད་ཅིང་གློ་བུར་སྐྱེངས་པར༌འགྱུར།།

<- གསུང༌མགུར། 5གསུང༌མགུར། 7 ->
  • གསུང༌མགུར།