གསུང་མགུར་ང་དྲུག༌པ།
དཀོན་མཆོག་ལ་བརྟེན་པའི་གསོལ་འདེབས།
1 ༼ཕེ་ལེ་ཤེད་པས་གཱད་ནས་དཱ་བིད་བཟུང་དུས༌སུ། རྒྱང་རིང་བེ་ཤིང་རྩེ་མོའི་ཕུག་རོན་བྱ་བའི་དབྱངས་ནང་དཱ་བིད་ཀྱིས་བརྩམས་ནས་དབུ་མཛད་ལ་སྤྲད་པའི་མགུར་མ་སྟེ། དཱ་བིད་ཀྱི་མེག་ཏཱམ་ཞིག༽ མི་ཡིས་ཁོ་བོ་རྡོག་བརྫིས་གཏོང་འདོད༌ཅིང༌། །ཉིན་གང་ང་ལ་རྒོལ་ཞིང་མནར་བས༌ན། །ཀྱེ་ཀྱེ་དཀོན་མཆོག་ང་ལ་སྙིང་རྗེ༌མཛོད།། 2 དགྲ་ཡིས་ཉིན་གང་ང་ལ་རྡོག་བརྫིས༌རྒྱག །ང་རྒྱལ་བསྐྱེད་ཅིང་བདག་ལ་རྒོལ་མཁན༌མང༌།། 3 འཇིགས་དུས་བདག་གིས་ཁྱེད་ལ་བློ་གཏད༌བྱ།། 4 དཀོན་མཆོག་ནང་དུ་ཁོང་གི་བཀའ་ལ༌བསྔགས། །བདག་གིས་དཀོན་མཆོག་ཉིད་ལ་བློ་གཏོད༌པས། །བདག་ལ་འཇིགས་པའི་དོན་ནི་ཡོད་མི༌སྲིད། །འཇིག་རྟེན་མི་ཡིས་བདག་ལ་ཅི་བྱེད༌ནུས།། 5 དེ་ཚོས་ཉིན་གང་ངའི་གཏམ་སྐྱོག་ལ༌འཁྱེར། །རྟག་ཏུ་ང་ལ་འཚེ་བའི་ངན་ཇུས༌གཤོམ།། 6 དེ་རྣམས་ཕྱོགས་གཅིག་འདུས་ནས་འཇབ་པར༌བྱེད། །གར་འགྲོ་བལྟས་ནས་ངའི་སྲོག་གཅོད་པར༌སྒུག། 7 སྡིག་ཉེས་བྱེད་པས་དེ་རྣམས་ཐར་འགྱུར༌རམ། །ཀྱེ་ཀྱེ་དཀོན་མཆོག་ཉིད་ཀྱི་ཐུགས་ཁྲོ༌ཡིས། །མི་སྡེ་འདི་རྣམས་ཕམ་པར་མཛད་དུ༌གསོལ།། 8 ང་རང་འཁྱམ་པའི་རྩིས་གྲངས་ཁྱེད་ཀྱིས༌བླངས། །བདག་གི་མཆི་མ་སྐྱི་ཁུག་ནང་དུ༌བསགས། །ཁྱེད་ཀྱི་ཕྱག་དཔེ་ནང་དུ་བཀོད་མེད༌དམ།། 9 བདག་གིས་འོ་དོད་འབོད་དུས་དགྲ་རྣམས༌ཕམ། །དཀོན་མཆོག་ངའི་ཕྱོགས་ཡིན་པ་དེ་ནས༌རྟོགས།། 10 དཀོན་མཆོག་ནང་དུ་ཁོང་གི་བཀའ་ལ༌བསྔགས། །ཡ་ཝཱེར་བརྟེན་ནས་ཁོང་གི་བཀའ་ལ༌བསྟོད།། 11 བདག་གིས་དཀོན་མཆོག་ཉིད་ལ་བློ་གཏོད༌པས། །བདག་ལ་འཇིགས་པའི་དོན་ནི་ཡོད་མི༌སྲིད། །འཇིག་རྟེན་མི་ཡིས་བདག་ལ་ཅི་བྱེད༌ནུས།། 12 ཀྱེ་ཀྱེ་དཀོན་མཆོག་བདག་གིས་དམ་བཅའ༌བསྒྲུབ། །ང་ཡིས་གཏང་རག་མཆོད་པ་ཁྱེད་ལ༌འབུལ།། 13 གང་ལ་ཞེ་ན་ང་རང་དཀོན་མཆོག༌དྲུང༌། །སྲོག་གི་འོད་ནང་འགྲུལ་བའི་ཕྱིར་དུ༌ནི། །ཁྱེད་ཀྱིས་ངའི་སྲོག་འཆི་བ་ལས་བསྐྱབས༌ཤིང༌། །ང་ཡི་གོམ་པ་འཁྱོར་བར་མ་མཛད༌དོ།།
<- གསུང༌མགུར། 55གསུང༌མགུར། 57 ->
གསུང༌མགུར།