གསུང་མགུར་ལྔ༌པ།
དཀོན་མཆོག་ཡ་ཝཱེར་སྐྱབས་སུ་འགྲོ་བ།
1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར་གླིང་བུ་སྤེལ༌མ།༽ ཡ་ཝཱེ་ང་ཡི་གཏམ་རྣམས་སྙན་དུ༌ཟུངས། །ང་ཡིས་ཤུགས་རིང་འབྱིན་པར་ཐུགས་བསམ༌བཞེས།། 2 བདག་གི་རྒྱལ་པོ་བདག་གི་དཀོན་མཆོག༌ལགས། །ང་ཡིས་ཁྱེད་ལ་གསོལ་བ་འདེབས་པས༌ན། །ང་ཡི་འོ་དོད་ལ་ནི་གསན་དུ༌གསོལ།། 3 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱིས་ནངས་སྔ༌མོར། །ང་ཡི་སྐད་ནི་གསན་འོང་ཞོགས་པའི༌དུས། །བདག་གིས་ཁྱེད་ལ་ཞུ་ཞིང་སྒུག་པར༌བྱ།། 4 ངན་པར་དགྱེས་པའི་དཀོན་མཆོག་ཁྱེད་མིན༌པས། །ངན་པ་ཁྱེད་དང་མཉམ་དུ་སྡོད་མི༌ཚུགས།། 5 ང་རྒྱལ་ཅན་རྣམས་ཁྱེད་དྲུང་ཚུགས་མི༌ནུས། །སྡིག་སྤྱོད་ཅན་ལ་ཁྱེད་རང་སྡང་བ༌ཡིན།། 6 ཁྱེད་ཀྱིས་རྫུན་གཏམ་སྨྲ་མཁན་ཚར་གཅོད༌ཅིང༌། །ལག་དམར་དང་ནི་གཡོ་སྒྱུ་ཅན་རྣམས༌ལ། །ཡ་ཝཱེའི་ཐུགས་ནས་ཞེན་པ་ལོག་པ༌འོ།། 7 ཁྱེད་ཀྱི་བྱམས་བརྩེ་ཆེན་པོར་བདག་བརྟེན༌ནས། །ཁྱེད་ཀྱི་བཞུགས་གནས་ནང་དུ་འགྲོ་བར༌བྱ། །ཁྱེད་ལ་གུས་ཤིང་འཇིགས་པའི་སེམས་དང༌བཅས། །དམ་པའི་མཆོད་ཁང་དེ་ལ་ཕྱག་འཚལ༌ལོ།། 8 ཀྱེ་ཀྱེ་ཡ་ཝཱེ་བདག་གི་དགྲའི་རྐྱེན༌གྱིས། །དྲང་བདེན་ངང་ནས་ང་རང་འཁྲིད་པར༌མཛོད། །བདག་མདུན་ཁྱེད་ཀྱི་ཕེབས་ལམ་སྙོམས་པར༌མཛོད།། 9 དེ་ཚོའི་ངག་ཏུ་བདེན་པ་ཅི་ཡང༌མེད། །དེ་ཚོའི་སེམས་པ་གཏོར་བཤིག་དོན་ལ༌ཕྱོགས། །དེ་ཚོའི་མིད་པ་དུར་ཁུང་ཁ་ཕྱེས༌འདྲ། །དེ་ཚོའི་ལྕེ་ཡིས་མི་ལ་ངོ་སོ༌བསྟོད།། 10 དེ་དག་ཉེས་ཅན་མཛོད་ཅིག་དཀོན་མཆོག༌ལགས། །དེ་རྣམས་རང་གི་གཡོ་སྒྱུས་འགྱེལ་བར༌ཤོག །དེ་ཚོས་ཁྱེད་ལ་ངོ་ལོག་བྱས་པས༌ན། །དེ་ཚོའི་ཉེས་སྐྱོན་མང་བས་སྐྲོད་པར༌གྱིས།། 11 ཁྱེད་ལ་སྐྱབས་སུ་མཆི་བ་མགུ་བར༌ཤོག །དུས་རྒྱུན་དགའ་སྤྲོའི་འབོད་སྒྲ་སྒྲོག་གྱུར༌ཅིག །ཁྱེད་མཚན་གཅེས་སུ་འཛིན་པའི་མི་རྣམས༌ནི། །ཁྱེད་ནང་དགའ་མགུ་རངས་ཕྱིར་བསྲུང་བར༌མཛོད།། 12 ཡ་ཝཱེས་དྲང་པོར་བྱིན་རླབས་མཛད་འོང༌བས། །ཁྱེད་ཀྱི་ཐུགས་རྗེས་ཕུབ་ལྟར་ཁོ་ཚོ༌འགེབ།།
<- གསུང༌མགུར། 4གསུང༌མགུར། 6 ->
གསུང༌མགུར།