གསུང་མགུར་ཞེ་བཞི༌པ།
དཀོན་མཆོག་ཡ་ཝཱེར་སྐྱབས་གསོལ་བའི་སྨོན་ལམ།
1 ༼དབུ་མཛད་ལ་སྤྲད་པའི་ཀོ་རཱག་གི་བུ་རྣམས་ཀྱི་བསླབ་བྱའི་མགུར༌མ།༽ དཀོན་མཆོག་ཁྱེད་ཀྱིས་གནའ་སྔ༌མོར། །ངེད་ཀྱི་ཕ་མེས་རྣམས་ཀྱི༌དུས། །མཛད་པའི་འཕྲིན་ལས་རྣ་བས༌ཐོས། །མེས་པོས་བདག་ལ་སྨྲས་བྱུང༌ངོ༌།། 2 ཁྱེད་ཀྱི་ཕྱག་གིས་མི་རིགས༌རྣམས། །བསྐྲད་ཀྱང་ཕ་མེས་གསོ་སྐྱོང༌མཛད། །ཁྱེད་ཀྱིས་མི་སྡེ་རྣམས་གཏོར༌ཡང༌། །ཕ་མེས་རྣམས་ནི་དར་བར༌མཛད།། 3 དེ་ཚོའི་རལ་གྲིས་ཡུལ་ཁམས༌ནི། །བཟུང་བ་མ་ཡིན་རྒྱལ་ཁ༌ཡང༌། །རང་གི་དཔུང་པས་བླངས་པ༌མིན། །ཁྱེད་ཀྱིས་དེ་ཚོར་གཅེས་པས༌ན། །ཁྱེད་ཕྱག་གཡས་དང་དཔུང་པ་དང༌། །ཞལ་རས་འོད་མདངས་བཅས་ལ༌བརྟེན། །ཡུལ་ནི་བཟུང་བ་ཡིན་ལགས༌སོ།། 4 དཀོན་མཆོག་ཁྱེད་ངའི་རྒྱལ་པོ༌ལགས། །ཡ་ཀོབ་རྒྱལ་བའི་བཀའ་གནོངས༌ཤིག། 5 ཁྱེད་ལ་བརྟེན་ནས་དགྲ་བཟློག༌ཅིང༌། །ངེད་ལ་སྡང་བའི་མི་རྣམས༌ནི། །ཁྱེད་མཚན་ནང་དུ་རྡོག་རྫིས༌གཏོང༌།། 6 རང་གི་གཞུ་ལ་བློ་གཏད༌མེད། །རལ་གྲིས་ང་རང་རྒྱལ་མི༌འགྱུར།། 7 འོན་ཀྱང་ངེད་རྣམས་དགྲ་ལས༌བསྐྱབས། །སྡང་མཁན་རྣམས་ཀྱང་ནོངས་པར༌མཛད།། 8 ངེད་ཀྱིས་ཉིན་གང་དཀོན་མཆོག༌བསྔགས། །རྒྱུན་དུ་ཁྱེད་ཀྱི་མཚན་ལ༌བསྟོད།།༼ སེ༌ལཱ། ༽ 9 འོན་ཀྱང་ད་ལྟ་ཁྱེད་ཉིད༌ཀྱིས། །ངེད་རྣམས་དོར་ནས་དམའ་སར༌ཕབ། །དམག་དཔུང་མཉམ་དུ་ཁྱེད་མི༌གཤེགས།། 10 དགྲ་ལས་ངེད་རྣམས་ཕམ་པར༌མཛད། །སྡང་མཁན་རྣམས་ཀྱིས་གང་འདོད༌བཅོམ།། 11 བཤས་ལུག་བཞིན་དུ་ཁྱེད་ཀྱིས༌མཛད། །མི་རིགས་ཁྲོད་དུ་ངེད་རྣམས༌གཏོར།། 12 ཉིད་ཀྱི་མི་སྡེ་རིན་མེད༌བཙོངས། །རིན་དེས་ཁྱེད་ཀྱི་ནོར་མ༌སྤེལ།། 13 ཁྱིམ་མཚེས་དག་གི་སྨད་ར༌དང༌། །ཉེ་འཁོར་མི་ཡི་ཟུར་ཟ༌དང༌། །ཁྲེལ་དགོད་བྱེད་སར་ཁྱེད་ཀྱིས༌མཛད།། 14 མི་རིགས་རྣམས་ཀྱི་ངག་རྒྱུན༌དང༌། །མི་སྡེ་རྣམས་ཀྱིས་མགོ་གཡུག༌པའི། །གནས་སུ་ཁྱེད་ཀྱིས་ངེད་རྣམས༌མཛད།། 15-16 དགྲ་དང་དགྲ་ཤ་ལེན་མཁན༌དང༌། །འཕྱ་སྨོད་དམའ་འབེབ་ཚིག་གི༌རྐྱེན། །ཉིན་གང་ངོ་ཚ་མདུན་དུ༌ལྷགས། །འཚེར་བས་གདོང་ཡང་བཏུམས་པར༌བྱས།། 17 འདི་རྣམས་ངེད་སྟེང་བབས་ན༌ཡང༌། །ཁྱེད་ཉིད་བརྗེད་པར་མ་གྱུར༌ཅིང༌། །ཞལ་ཆད་ལ་ཡང་འགལ་བ༌མེད།། 18 སེམས་ནི་མ་འཁྱོར་གོམ་སྟབས༌ཀྱང༌། །ཁྱེད་ཀྱི་ཕེབས་ལམ་ལས་མ༌འཆོལ།། 19 འོན་ཀྱང་ཁྱི་སྤྱང་གནས་སུ༌ནི། །ཁྱེད་ཀྱིས་ངེད་རྣམས་རབ་ཏུ༌བརྫིས། །འཆི་བའི་གྲིབ་མས་ཡོངས་སུ༌བཀབ།། 20 རང་གི་དཀོན་མཆོག་མཚན་བརྗེད༌ཅིང༌། །གཞན་ལྷར་ལག་པ་བརྐྱངས་ཡོད༌ན།། 21 སེམས་ཀྱི་གསང་བ་དཀོན་མཆོག༌གིས། །མཁྱེན་པས་དེ་རྩད་མི་ཆོད༌དམ།། 22 ཁྱེད་ཉིད་རྐྱེན་གྱིས་གཞན་དག་གིས། །ངེད་རྣམས་ཉིན་རེར་གསོད་པ་དང་། །ངེད་ཅག་བཤས་ལུག་ལྟ་བུར་བརྩིས།། 23 ཀྱེ་ཀྱེ་གཙོ་བོ་སད་རོགས༌གནོངས། །ད་དུང་གཟིམས་ནས་བཞུགས་པ༌ཅི། །ཁྱེད་ཉིད་ཡར་ལ་བཞེངས་པར་མཛོད། །ངེད་རྣམས་རྟག་ཏུ་མི་སྤང༌རོགས།། 24 ཁྱེད་ཀྱི་ཞལ་རས་སྦས་ནས༌ནི། །ངེད་རྣམས་འཕྲད་པའི་སྡུག་བསྔལ༌དང༌། །གཉའ་གནོན་བརྗེད་པ་ཅི་ཡིན༌ནམ།། 25 ངེད་རྣམས་བཏུད་ནས་ཐལ་བར༌འདྲེས། །ལུས་ཀྱང་ས་ལ་འབྱར་བར༌གྱུར།། 26 ཁྱེད་ཉིད་བཞེངས་ནས་གྲོགས་མཛོད༌དང་། །བྱམས་བརྩེའི་དབང་གིས་ངེད་སྒྲོལ༌ཅིག།
<- གསུང༌མགུར། 43གསུང༌མགུར། 45 ->
གསུང༌མགུར།