གསུང་མགུར་སུམ་ཅུ༌པ།
དྲིན་ཚོར་སྨོན་ལམ།
1 ༼དཱ་བིད་ཀྱི་མགུར་མ༌ཞིག བཞུགས་གནས་བསྔོ་བའི་མགུར༌མ།༽ ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱིས་ང་ཡར༌འཐེན། །དགྲ་བོར་བདག་ལ་ངོམ་བཟོ་སྟོན་མ༌མཛད། །དེ་བས་བདག་གིས་ཁྱེད་ལ་བསྟོད་བསྔགས༌བརྗོད།། 2 ཀྱེ་ཀྱེ་ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །ཁྱེད་ལ་འོ་དོད་བོས་པས་དྲག་སྐྱེད་གནང༌།། 3 ཡ་ཝཱེས་ང་རང་གཤིན་པོའི་ཡུལ་ནས༌བསྐྱབས། །དུར་ནང་མི་ལྷུང་ཕྱིར་དུ་གསོན་པོར༌བཞག། 4 ཀྱེ་ཀྱེ་ཡ་ཝཱེའི་དད་གུས་ལྡན་པ༌རྣམས། །ཁྱོད་ཚོས་ཡ་ཝཱེར་བསྟོད་དབྱངས་འབུལ་བར༌གྱིས། །ཁོང་གི་དམ་པའི་མཚན་ལ་བསྟོད་བསྔགས་ཕུལ།། 5 ཁོང་ཉིད་ཐུགས་དགོངས་ཚོམ་ཡང་ཡུད་ཙམ༌ལགས། །གང་ཉིད་ཐུགས་རྗེ་མི་ཚེ་གང་པོར་གནས། །མཚན་མོར་མིག་ཆུ་བཞུར་དགོས་བྱུང༌ན་ཡང་། །ཞོགས་པར་དགའ་མགུ་ཡི་རང་འབྱུང་བར༌འགྱུར།། 6 ང་རང་བདེ་བར་གནས་པའི་དུས་སྐབས༌སུ། །བདག་ནི་ནམ་ཡང་གཡོ་བར་མི་འགྱུར༌སྨྲས།། 7 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་ཐུགས་རྗེ༌ཡིས། །ང་རང་རི་རབ་བཞིན་དུ་བརྟན་པོར༌མཛད། །ཁྱེད་ཀྱི་ཞལ་རས་སྦས་པས་ང་རང༌ཞེད།། 8 ཡ་ཝཱེ་ཁྱེད་ལ་བདག་གིས་འོ་དོད༌བོས། །བདག་གིས་ཁྱེད་ལ་ཞུ་བ་ཡང་ནི༌ཕུལ།། 9 ང་རང་ཤི་ནས་དུར་སྦས་ཅི་ལ༌ཕན། །ཐལ་བས་ཁྱེད་ལ་བསྟོད་བསྔགས་བརྗོད་འོང༌ངམ། །ཁྱེད་ཉིད་ཡིད་རྟོན་རུང་བ་བསྒྲག་ནུས༌སམ།། 10 ཡ་ཝཱེ་བདག་ལ་གསན་ཞིང་སྙིང་རྗེ༌མཛོད། །ཁྱེད་ཀྱིས་ང་ལ་རོགས་རམ་མཛད་དུ༌གསོལ།། 11 ང་ཡི་མྱ་ངན་ཁྱེད་ཀྱིས་གར་དུ༌བསྒྱུར། །བདག་གི་རྩིད་རས་སྡུག་གོས་ཕུད་མཛད༌ཅིང༌། །ང་རང་དགའ་སྤྲོའི་གོས་ཀྱིས་གཡོགས་སོ༌ལོ།། 12 དེ་ནི་ང་ཡི་སེམས་ཀྱིས་མཚམས་མེད༌པར། །ཁྱེད་ལ་བསྟོད་དབྱངས་འབུལ་བའི་ཕྱིར་ཡིན༌ཞིང༌། །ཀྱེ་ཀྱེ་ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །བདག་གིས་རྟག་ཏུ་ཁྱེད་ལ་གཏང་རག༌འབུལ།།
<- གསུང༌མགུར། 29གསུང༌མགུར། 31 ->
གསུང༌མགུར།