Link to home pageLanguagesLink to all Bible versions on this site
གསུང་མགུར་ཉེར་ལྔ༌པ།
དཀོན་མཆོག་ཡ་ཝཱེའི་ལམ་སྟོན་དང་སྲུང་སྐྱོབ་འཚོལ་བ།
1 ༼དཱ་བིད་ཀྱི་མགུར༌མ།༽ ང་ཡི་རེ་སྨོན་ཡ་ཝཱེ་ཁྱེད་ལ༌བཅངས།། 2 ང་ཡི་དཀོན་མཆོག་ང་རང་ཁྱེད་ལ༌བརྟེན། །ཁྱེད་ཀྱིས་ང་རང་སྐྱེངས་སུ་མི་འཇུག༌ཅིང༌། །དགྲ་རྣམས་ང་ལས་རྒྱལ་དུ་མི་འཇུག༌མཁྱེན།། 3 ཁྱེད་ལ་སྒུག་མཁན་ནམ་ཡང་སྐྱེངས་མི༌འགྱུར། །དོན་མེད་གཡོ་སྒྱུ་བྱེད་མཁན་ངོ་ཚར༌སྦྱོར།། 4 ཡ་ཝཱེ་ཁྱེད་ཀྱི་ཕེབས་ལམ་ང་ལ༌སྟོན། །ཁྱེད་ཀྱི་ལམ་བུ་ང་ལ་སྟོན་པར༌མཛོད།། 5 ཁྱེད་ནི་ང་ཡི་སྲོག་སྐྱོབ་དཀོན་མཆོག༌ཡིན། །བདག་གིས་ཉིན་གང་ཁྱེད་ལ་སྒུག་པ༌ཡིན། །བདེན་པ་ཉིད་ནང་འཁྲིད་ཅིང་སྟོན་པར༌མཛོད།། 6 ཀྱེ་ཀྱེ་ཡ་ཝཱེ་གདོད་ནས་ཡོད་པ༌ཡི། །བྱམས་དང་སྙིང་རྗེ་ཐུགས་སུ་དྲན་དུ༌གསོལ།། 7 ང་རང་གཞོན་ནུའི་དུས་ཀྱི་སྡིག་པ༌དང༌། །ཉེས་སྐྱོན་རྣམས་ནི་དྲན་པར་མི་མཛད༌ཅིང༌། །ཡ་ཝཱེ་ཁྱེད་ཀྱི་བཀའ་དྲིན་དབང་གིས༌ནི། །བྱམས་བརྩེ་བཞིན་དུ་ང་རང་ཐུགས་སུ༌ཟུངས།། 8 ཡ་ཝཱེ་ལེགས་ཤིང་དྲང་པོ་ཡིན་པས༌ན། །སྡིག་ཅན་རྣམས་ལ་ལམ་སྟོན་མཛད་པ༌འོ།། 9 ཁེངས་སྐྱུང་ཅན་རྣམས་དྲང་གཞག་ནང་དུ༌འཁྲིད། །ཉིད་ཀྱི་གཤེགས་ལམ་དེ་ཚོར་སྟོན་བྱེད༌དོ།། 10 ཡ་ཝཱེའི་ཞལ་ཆད་སྒྲིག་ཁྲིམས་སྲུང་མཁན༌ལ། །ཁོང་ནི་བྱམས་ཤིང་ཡིད་རྟོན་རུང་བ༌ཡིན།། 11 བདག་གི་སྡིག་ཉེས་ཤིན་ཏུ་ཚབས་ཆེ༌བས། །ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་མཚན་གྱི༌ཕྱིར། །ང་ཡི་སྡིག་ཉེས་ཁྱེད་ཀྱིས་སེལ་བར༌མཛོད།། 12 ཡ་ཝཱེར་གུས་ཤིང་འཇིགས་པ་སུ་ཡོད༌དམ། །ཁོང་གིས་དེ་ལ་འདེམས་འོས་ལམ་ཕྱོགས་སྟོན།། 13 དེས་ནི་དགའ་བདེའི་དཔལ་ལ་རོལ་བ༌དང༌། །བུ་རྒྱུད་རྣམས་ལ་ས་གཞི་འཐོབ་པར༌འགྱུར།། 14 ཡ་ཝཱེས་ཉིད་ཀྱི་ཐུགས་དགོངས་ཅི་ཡིན༌པ། །ཁོང་ལ་གུས་ཤིང་འཇིགས་པའི་མི་ལ༌མངོན། །ཁོང་གི་ཞལ་ཆད་ཀྱང་ནི་སྟོན་པར༌འགྱུར།། 15 ཡ་ཝཱེས་བདག་གི་རྐང་པ་རྙི་ལས༌དགྲོལ། །ང་ཡི་མིག་གིས་དུས་རྒྱུན་ཁོང་ལ༌བལྟ།། 16 ང་རང་གྲོགས་མེད་ཉམ་ཐག་ཡིན་པས༌ན། །ངའི་ཕྱོགས་འཁོར་ནས་དྲིན་གྱིས་སྐྱོང་བར༌མཛོད།། 17 ང་ཡི་སེམས་ཀྱི་སྐྱོ་གདུང་རབ་ཏུ༌འཕེལ། །ཁྱེད་ཀྱིས་སྡུག་བསྔལ་ལས་ང་སྐྱབས་སུ༌གསོལ།། 18 ང་ཡི་སྐྱོ་གདུང་དཀའ་ངལ་ལ་གཟིགས༌ཤིང༌། །བདག་གི་སྡིག་པ་ཐམས་ཅད་སེལ་བར༌མཛོད།། 19 བདག་གི་དགྲ་བོ་ཤིན་ཏུ་མང་བ༌དང༌། །ང་ལ་ཚད་མེད་སྡང་བས་གཟིགས་སུ༌གསོལ།། 20 ངའི་སྲོག་བསྲུངས་ནས་ང་རང་སྐྱོབ་པར༌མཛོད། །ཁྱེད་ལ་སྐྱབས་སུ་འགྲོ་བས་སྐྱེངས་མ༌འཇུག། 21 བདག་གི་རེ་བ་ཁྱེད་ལ་བཅོལ་བས༌ན། །རྣམ་དག་དྲང་པོས་ང་རང་སྐྱོབ་གྱུར༌ཅིག། 22 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་ཡེས་ར༌ཨེལ། །དེ་ཚོའི་དཀའ་སྡུག་ཀུན་ནས་ཐར་བར༌མཛོད།།

<- གསུང༌མགུར། 24གསུང༌མགུར། 26 ->
  • གསུང༌མགུར།