གསུང་མགུར་བརྒྱ་དང་ཞེ་བདུན༌པ།
དཀོན་མཆོན་གི་ཀུན་ནུས་ལ་བསྟོད་པ།
1 ཁྱོད་ཚོས་ངེད་ཀྱི་དཀོན་མཆོག༌ཡ་ཝཱེ་ལ། །བསྟོད་དབྱངས་འབུལ་བ་དེ་ནི་རབ་ལེགས༌སོ། །ཁོང་ལ་བསྟོད་པ་མཛེས་ཤིང་འོས་སོ༌ལོ།། 2 ཡ་ཝཱེས་ཡེ་རུ་སཱ་ལེམ་བསྐྱར་འཛུགས༌ཤིང༌། །ཡེས་ར་ཨེལ་གྱི་སྤྱུགས་པའི་མི་རྣམས༌བསྡུ།། 3 སྡུག་གིས་མནར་བ་རྣམས་ལ་སེམས་གསོ༌གནང༌། །དེ་ཚོའི་རྨ་ཁ་རས་ཀྱིས་དཀྲི་བྱེད༌དོ།། 4 ཁོང་གིས་སྐར་མའི་གྲངས་ཀ་རྩི་བྱེད༌ཅིང༌། །དེ་དག་རེ་རེར་མིང་ཡང་འདོགས་པ༌འོ།། 5 རང་ཅག་གཙོ་བོ་ཆེ་ཞིང་མཐུ་སྟོབས༌ལྡན། །ཁོང་གི་ཡེ་ཤེས་དེ་ནི་མཐའ་ཡས༌སོ།། 6 ཡ་ཝཱེས་ཉམ་ཆུང་མི་རྣམས་ཡར་སྐྱོར༌ཞིང༌། །སྡིག་སྤྱོད་མི་རྣམས་ཆམ་ལ་འབབ་པ༌ཡིན།། 7 གཏང་རག་དང་བཅས་ཡ་ཝཱེར་མགུར་གླུ༌ལོངས། །པི་ཝང་དཀྲོལ་ནས་རང་རེའི་དཀོན་མཆོག༌བསྟོད།། 8 ཁོང་གིས་ནམ་མཁའ་སྤྲིན་གྱིས་གཡོག་བྱེད༌ཅིང༌། །ས་གཞི་ལ་ནི་ཆར་ཆུ་ཤོམ་པ༌དང༌། །རི་སྒང་རྣམས་ལ་རྩྭ་སྔོན་སྐྱེ་བར༌མཛད།། 9 ཁོང་གིས་རི་དྭགས་རྣམས་ལ་ཁ་ཟས༌གནང༌། །ཕོ་རོག་བྱ་ཡི་བྱེའུ་ཕྲུག་གསོ་བར༌མཛད།། 10 ཡ་ཝཱེ་རྟ་ཡི་སྟོབས་ལ་མི་དགྱེས༌ཤིང༌། །མི་ཡི་གོམ་འགྲོས་མགྱོགས་པར་མཉེས་པ༌མིན།། 11 ཁོང་ལ་གུས་ཤིང་འཇིགས་པའི་མི་རྣམས༌དང༌། །ཉིད་ཀྱི་བྱམས་བརྩེར་རེ་བའི་མི་ལ༌མཉེས།། 12 ཀྱེ་ཀྱེ་ཡེ་རུ་སཱ་ལེམ་ཡ་ཝཱེར༌སྔོགས། །ཀྱེ་ཀྱེ་ཛ་ཡན་རང་གི་དཀོན་མཆོག༌བསྟོད།། 13 ཁྱོད་ཀྱི་རྟ་སྒོའི་སྒོ་གཏན་བརྟན་པོར༌མཛད། །ཁྱོད་ཀྱི་བུ་དང་བུ་མོར་བྱིན་རླབས༌གནང༌།། 14 ཁོང་གིས་ཁྱོད་ཀྱི་ས་མཚམས་བདེ་ལ༌བཀོད། །གྲོ་ཡི་བཅུད་ཀྱིས་ཁྱོད་རང་ཚིམ་པར༌མཛད།། 15 ཁོང་གིས་ས་གཞིར་ཉིད་ཀྱི་བཀའ་གནང༌ཞིང༌། །བཀའ་རྣམས་ལམ་སང་ལག་ཏུ་བསྟར་བར༌མཛད།། 16 ཁོང་གིས་བལ་དང་འདྲ་བའི་གངས་ཕབ༌ཅིང༌། །གོ་ཐལ་འདྲ་བའི་བ་མོ་གཏོར་བ༌འོ།། 17 ཧྲུག་ཧྲུག་ཡིན་པའི་སེར་བ་མར་འཕེན༌ནོ། །ཁོང་གིས་བཏང་བའི་འཁྱགས་རླུང་སུ་ཡིས༌བཟོད།། 18 ཁོང་གིས་བཀའ་ཞིག་གནང་བས་དེ་རྣམས༌འཇུ། །ལྷགས་རླུང་གཡུག་ཏུ་བཅུག་པར་ཆུ་རྣམས༌རྒྱུག། 19 ཁོང་གི་བཀའ་རྣམས་ཡ་ཀོབ་ལ་བསྟན༌ཞིང༌། །སྒྲིག་ཁྲིམས་སྲོལ་ཡིག་ཡེས་ར་ཨེལ་ལ༌བསྟན།། 20 མི་རིགས་གཞན་ལ་འདི་བཞིན་མཛད་པ༌མེད། །དེ་ཚོས་ཁོང་གི་ཁྲིམས་སྲོལ་རྟོགས་པ༌མིན། །ཁྱོད་ཚོའི་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌།།
<- གསུང༌མགུར། 146གསུང༌མགུར། 148 ->
གསུང༌མགུར།