Link to home pageLanguagesLink to all Bible versions on this site
གསུང་མགུར་བརྒྱ་དང་གཉིས།
དཀའ་སྡུག་ཁྲོད་ཀྱི་གསོལ་འདེབས།
1 ༼མི་ཉམ་ཆུང་གིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་རང་གི་སྡུག་བསྔལ་ལྷུག་པོར་ཞུ་བའི་སྨོན༌ལམ།༽ ང་ཡི་སྨོན་ལམ་གསན་མཛོད་ཀྱེ་ཡ༌ཝཱེ། །བདག་གི་ཞུ་བ་ཁྱེད་དྲུང་བསླེབ་པར༌ཤོག། 2 ང་རང་དཀའ་སྡུག་འཕྲད་པའི་ཉིན་མོ༌ལ། །ཁྱེད་ཀྱི་ཞལ་རས་ང་ལ་མི་སྦེད༌རོགས། །བདག་གིས་འབོད་དུས་ཁྱེད་ཀྱིས་སྙན་གཏད་ནས། །མྱུར་དུ་ང་ལ་བཀའ་ལན་གནང་དུ༌གསོལ།། 3 ང་ཡི་མི་ཚེ་དུ་བ་ནང་བཞིན༌ཡལ། །བདག་གི་རུས་པ་བུད་ཤིང་ལྟར་དུ་འཚིག། 4 ངའི་སེམས་བསྣད་ཅིང་རྩྭ་ལྟར་བསྐམས་ནས༌ནི། །ཐ་ན་རང་གི་ཁ་ཟས་སྤྱོད་པའང༌བརྗེད།། 5 བདག་གིས་འཁུན་སྒྲ་ཕྱུང་བའི་རྐྱེན་དབང༌གིས། །ང་ཡི་ལུས་ཕུང་ཤ་ཟད་རུས་པར༌ཐུག། 6 ང་ནི་དབེན་སྟོང་ཡུལ་གྱི་འུག་ཆུང༌དང༌། །ཞིག་རལ་གནས་ཀྱི་འུག་པ་ལྟ་བུ༌ཡིན།། 7 ང་རང་མལ་དུ་ཉལ་ཡང་གཉིད་མི༌ཁུག །ཁང་ཐོག་ལུས་པའི་བྱེའུ་ཆུང་ཁེར་རྐྱང༌བཞིན།། 8 དགྲ་ཚོས་ཉིན་གང་ང་ལ་དམའ་འབེབ༌བྱེད། །སྨྱོས་པ་བཞིན་དུ་ང་ལ་རྒོལ་བ༌ཚོས། །བདག་གི་མིང་ནས་ང་ལ་དམོད་པ༌གཏོང༌།། 9 ང་ཡིས་གོ་ཐལ་ཟས་སུ་སྤྱད་པ༌དང༌། །མཆི་མ་འདྲེས་པའི་བཏུང་བྱ་འཐུང་བ་ཡིན།། 10 དེ་ནི་ཉིད་ཀྱི་ཐུགས་ཁྲོ་གཏུམ༌དྲག་རྐྱེན། །ཁྱེད་ཀྱིས་ང་རང་བཀྱགས་ཏེ་ས་རུ༌འཕངས།། 11 ང་ཡི་མི་ཚེ་ནུབ་ཁའི་ཉི་མ༌འདྲ། །ང་ནི་རྩྭ་དང་འདྲ་བར་བསྐམས་གྱུར༌ཏོ།། 12 ཡ་ཝཱེ་ཁྱེད་ཉིད་གཅིག་པུ་རྟག་ཏུ༌བཞུགས། །ཁྱེད་མཚན་མི་རབས་ཀུན་ཏུ་གནས་པར༌འགྱུར།། 13 ཛ་ཡན་ཡུལ་ལ་སྙིང་རྗེ་བསྐྱེད་པ༌ཡི། །ཐུགས་ཐག་བཅད་པའི་དུས་སུ་སླེབས་པས༌ན། །ཁྱེད་རང་ཡར་ལ་བཞེངས་ནས་སྙིང་རྗེ༌མཛོད།། 14 ཁྱེད་ཀྱི་ཞབས་ཕྱི་དེ་ཡི་རྡོ་ལ༌དགའ། །དེ་ཡི་རྡུལ་ཕྲན་ལ་ཡང་སྙིང་རྗེ༌བསྐྱེད།། 15 མི་རིགས་རྣམས་ནི་ཡ་ཝཱེའི་མཚན་ལ༌དང༌། །ས་གཞིའི་རྒྱལ་པོ་ཐམས་ཅད་ཁོང་ཉིད༌ཀྱི། །གཟི་བྱིན་ལ་ནི་གུས་ཤིང་འཇིགས་བྱེད༌དེ།། 16 ཅི་ལ་ཞེ་ན་ཡ་ཝཱེས་ཛ་ཡན༌བརྩིགས། །ཉིད་ཀྱི་གཟི་བྱིན་ནང་དུ་མངོན་པར༌མཛད།། 17 དབུལ་ཕོངས་རྣམས་ཀྱི་གསོལ་བར་གསན་པ༌དང༌། །དེ་ཚོའི་སྨོན་ལམ་སྣང་མེད་མ་བསྐྱུར༌ཏོ།། 18 ཕྱིས་འབྱུང་མི་རབས་ཕྱིར་དུ་ཡི་གེར༌འགོད། །འབྱུང་འགྱུར་མི་སྡེ་རྣམས་ཀྱིས་ཡ་ཝཱེར༌བསྟོད།། 19 ཡ་ཝཱེས་དམ་པའི་གནས་ཀྱི་མཐོ་ས༌ནས། །མར་ལ་གཟིགས་ཤིང་གནམ་ནས་ས་གཞིར༌གཟིགས།། 20 དེ་ནི་བཙོན་པའི་ཤུགས་རིང་གསན་པ༌དང༌། །འཆི་ཁའི་མི་རྣམས་བསྒྲལ་བའི་ཕྱིར་ཡིན༌ཏེ།། 21 ཛ་ཡན་ཡུལ་དུ་ཡ་ཝཱེའི་མཚན་བརྗོད༌ཅིང༌། །ཡེ་རུ་སཱ་ལེམ་ཡུལ་དུ་ཁོང་ལ༌བསྟོད།། 22 མི་སྡེ་རྒྱལ་ཁམས་ཀུན་པོ་ལྷན་འཛོམས༌ཏེ། །ཡ་ཝཱེར་བསྙེན་བཀུར་འབུལ་དུས་དེ་བཞིན༌འབྱུང༌།། 23 དར་མའི་དུས་སུ་ངའི་སྟོབས་ཉམས་མཛད༌ཅིང༌། །བདག་གི་མི་ཚེ་ཁོང་གིས་ཐུང་ངུར༌མཛད།། 24 དེའི་ཕྱིར་བདག་གིས་ཁོང་ལ་འདི་སྐད༌ཞུས། །ཀྱེ་ཀྱེ་ང་ཡི་དཀོན་མཆོག་ཁྱེད་ཉིད༌ཀྱིས། །ང་རང་དར་མ་ཡིན་དུས་འཁྱེར་མ༌འགྲོ། །ཁྱེད་ཀྱི་ལོ་ཟླ་མི་རབས་ཀུན་ཏུ༌གནས།། 25 ཁྱེད་ཀྱིས་ཐོག་མར་ས་གཞིའི་རྨང་བཏིངས༌ཤིང༌། །ནམ་མཁའ་ཁྱེད་ཀྱི་ཕྱག་གིས་བཀོད་པ༌ཡིན།། 26 གནམ་ས་འཇིག་ཀྱང་ཁྱེད་ནི་རྟག་ཏུ༌བཞུགས། །གནམ་དང་ས་ནི་གོས་ལྟར་རྙིང་པར༌འགྱུར། །གནམ་ས་གོས་བཞིན་བརྗེས་པས་དེ་རྣམས༌ཡལ།། 27 ཁྱེད་ཉིད་ཁོ་ན་ནམ་ཡང་འགྱུར་བ༌མེད། །ཁྱེད་ཀྱི་ལོ་ཟླ་འཛད་མཐའ་མེད་པ༌ཡིན།། 28 ཁྱེད་ཀྱི་ཞབས་ཕྱིའི་བུ་རྣམས་རྟག་ཏུ༌གནས། །ཁོ་ཚོའི་བུ་རྒྱུད་ཁྱེད་དྲུང་བརྟན་པོར༌ཚུགས།།

<- གསུང༌མགུར། 101གསུང༌མགུར། 103 ->
  • གསུང༌མགུར།