ལེའུ་ཉེར་དྲུག༌པ།
1 དབྱར་གྱི་དུས་སུ་ཁ་བ༌དང༌། །སྟོན་ཀར་ཆར་བ་འབབ་པ༌བཞིན། །གླེན་པར་བཀུར་སྟི་འོས་མ༌ཡིན།། 2 གང་སར་འཕུར་བའི་མཆིལ་པ༌དང༌། །ལྡིང་སྐོར་རྒྱག་པའི་ཁུག་རྟ༌བཞིན། །དོན་མེད་དམོད་པ་འཕོག་མི༌འགྱུར།། 3 རྟ་ལ་ལྕག་དང་བོང་བུར༌སྲབ། །དེ་དང་དེ་བཞིན་གླེན་པ༌རྣམས། །རྒྱབ་ལ་དབྱུག་པ་མཁོ་བ༌ཡིན།། 4 གླེན་པར་དེ་ཡི་བླུན་རྨོངས༌བཞིན། །ཚིག་ལན་མ་འདེབས་བཏབ་ན༌ནི། །ཁྱོད་ཀྱང་ཁོ་ལྟར་འགྱུར་ཉེན༌ཡོད།། 5 གླེན་པར་དེ་ཡི་བླུན་རྨོངས༌བཞིན། །ཚིག་ལན་འདེབས་དགོས་མ་བཏབ༌ན། །དེ་ཡིས་རང་ཉིད་མཁས་པར༌བརྩི།། 6 གླེན་ལག་བརྒྱུད་ནས་འཕྲིན་སྐུར༌མཁན། །རང་གི་རྐང་པ་རང་གིས༌འབྲེག །གདུག་རྩུབ་རང་གིས་ཉོ་བ༌ཡིན།། 7 གླེན་པའི་ཁ་ལ་ལེགས་བཤད༌ནི། །མཁོ་མེད་དཔྱངས་པའི་ཞ་རྐང༌བཞིན།། 8 གླེན་པར་བཀུར་སྟི་བྱེད་པ༌ནི། །འུར་ཆར་འུར་རྡོ་བསྡམས་པ༌འདྲ།། 9 གླེན་པའི་ཁ་ལ་ལེགས་བཤད༌ནི། །ར་བཟིའི་ལག་གི་ཚེར་མ༌བཞིན།། 10 གླེན་པ་དང་ནི་ལམ་འགྲོ་གླ་བ༌ནི། །ཐམས་ཅད་རྨས་པར་བྱེད་པའི་མདའ་པར༌མཚུངས།། 11 ཁྱི་ཕྱིར་འཁོར་ནས་སྐྱུག་རོར་ལོག་པ༌བཞིན། །གླེན་པས་ཡང་དང་བསྐྱར་དུ་གླེན་རྟགས༌སྟོན།། 12 རང་ཉིད་མཁས་པར་རློམ་པ་མཐོང་མྱོང༌ངམ། །དེ་ལས་གླེན་པར་རེ་བ་ལྡན་པ༌ཡིན།། 13 ལེ་ལོ་ཅན་གྱིས་ལམ་ཁར་སེང་གེ༌འདུག །ཐང་ཆེན་དུ་ཡང་སེང་གེ་ཡོད་ཅེས༌སྨྲ།། 14 སྒོ་གླེགས་འཁོར་མིག་ཁ་རུ་འཁོར་བ༌ལྟར། །ལེ་ལོ་ཅན་ནི་མལ་ཁྲི་སྟེང་ནས༌འཁོར།། 15 ལེ་ལོས་སྡེར་མའི་ནང་དུ་ལག་བརྐྱངས༌ནས། །ཁ་ཟས་རང་གི་ཁ་ལ་སྐྱེལ་མི༌འདོད།། 16 ལེ་ལོ་ཅན་གྱིས་རང་ལ་བལྟས་ན༌ནི། །ཁུངས་སྐྱེལ་ནུས་པའི་སྐྱེ་བོ་བདུན་ལས༌མཁས།། 17 ལམ་འགྲོ་པ་ཞིག་དགོས་མེད༌ཀྱི། །འཁོན་འཛིང་ནང་དུ་ཞུགས་མཁན༌ནི། །ཁྱི་ཡི་རྣ་བ་འཐེན་པ༌འདྲ།། 18-19 མི་ཡིས་ཁྱིམ་མཚེས་བསླུས་པ༌དང༌། །ཀུ་རེ་ཡིན་ཞེས་སྨྲ་བ༌ནི། །སྨྱོན་པས་མགལ་མེ་མདའ་རྣོན༌པོ། །སྲོག་ལེན་མཚོན་ཆ་འཕེན་པར༌མཚུངས།། 20 བུད་ཤིང་མེད་ན་མེ་ཡང༌ཞི། །དཀྲུག་མཁན་མེད་སར་རྩོད་གཞི༌འཇགས།། 21 འཁོན་འཛིང་ཅན་གྱིས་རྩོད་གཞི་སློང་བ༌ནི། །སོལ་མེའི་སྟེང་དུ་སོལ་བ་འཇོག་པ༌དང༌། །མེ་ཡི་སྟེང་དུ་བུད་ཤིང་འཇོག་པ༌འདྲ།། 22 ཕྲ་མ་བྱེད་པའི་མི་ཡི་སྨྲ་བརྗོད༌ནི། །ཟས་མཆོག་བཞིན་དུ་གྲོད་པའི་ཕུགས་སུ༌འཇུག། 23 ཁ་ནི་འབར་ཡང་སེམས་ནི་ངན་པ༌དེ། །དངུལ་གྱི་སྙིགས་མས་བཏུམས་པའི་རྫ་ཆས༌འདྲ།། 24 སྡང་སེམས་ཅན་གྱིས་རང་ཉིད་ཚིག་གིས༌འགེབས། །འོན་ཀྱང་བསམ་པའི་ནང་དུ་གཡོ་སྒྱུ༌བཅངས།། 25 དེ་ཡི་ཚིག་ནི་སྙན་ཡང་བློ་མ༌གཏོད། །དེ་ཡི་སེམས་སུ་ཞེན་ལོག་རིགས་བདུན༌མཆིས།། 26 དེ་ཡི་སྡང་སེམས་གཡོ་སྒྱུས་སྦས༌ན་ཡང་། །དེ་ཡི་ངན་པ་ཚོགས་ཀྱི་མདུན་དུ༌མངོན།། 27 ས་དོང་འདྲུ་མཁན་དེ་ཡི་ནང་དུ༌ལྟུང༌། །རྦབ་རྡོ་བགྲིལ་མཁན་རྦབ་རྡོའི་འོག་ཏུ༌འཆོར།། 28 རྫུན་གྱི་ལྕེ་ནི་རང་གིས་རྨས་པར༌སྡང༌། །ངོ་དགའ་བྱེད་པའི་ཁ་ཡིས་བརླག་པར༌འགྱུར།།
<- ལེགས་བཤད། 25ལེགས་བཤད། 27 ->
ལེགས་བཤད།