Link to home pageLanguagesLink to all Bible versions on this site
ལེའུ་བཞི་པ།
ནེ་ཧེམ་ཡཱ་དགྲ་བོའི་བཀག་འགོག་ལས་རྒྱལ་བ།
1 དེ་ནས། ངེད་རྣམས་ཀྱིས་མཁར་གྱང་བརྩིགས་པ་སན་པཱ་ལད་ཀྱིས་ཐོས་པ་དང་ཁོང་ཁྲོ་ལངས་ཏེ། ཞེ་སྡང་རབ་ཏུ་ལངས་ནས་ཡ་ཧུ་དཱ་པ་རྣམས་ལ་ཁྲེལ་དགོད་བྱས་སོ། ། 2 ཁོས་རང་གི་སྤུན་དང་སཱ་མར་ཡའི་དམག་དཔུང་ལ་འདི་ལྟར། ཡ་ཧུ་དཱ་པ་ཉམ་ཐག་འདི་རྣམས་ཀྱིས་ཅི་བྱེད་དམ། རང་ཉིད་ཀྱི་ཆེད་དུ་ཡང་བསྐྱར་བརྩིག་གམ། སྦྱིན་སྲེག་འབུལ་ལམ། ཉིན་གཅིག་ཏུ་འགྲུབ་བམ། མེས་བསྲེགས་པའི་རྡོ་ཕུང་ཡང་བསྐྱར་བཀོལ་བར་འགྱུར་རམ་ཞེས་སྨྲས། 3 ཨམ་མོན་པ་ཏོ་བི་ཡཱ་ཁོའི་ཉེ་འགྲམ་དུ་བསྡད་དེ་འདི་ལྟར། དེ་དག་གིས་བརྩིགས་པའི་མཁར་རྡོའི་སྟེང་དུ་ཝ་མོ་ཞིག་འཛེག་ནའང་རྡོ་རྩིག་དེ་བཤིག་པར་འགྱུར་ཞེས་སྨྲས་སོ། ། 4 ཀྱེ། ངེད་ཀྱི་དཀོན་མཆོག་ལགས། ངེད་རྣམས་སྨད་པར་གྱུར་པས་གསན་དུ་གསོལ། དེ་དག་གི་འཕྱ་སྨོད་ནི་ཁོ་ཚོ་སོ་སོའི་མགོར་ཕོབ་ལ། བཙོན་དུ་ཁྲིད་པའི་གནས་ལ་འཇོམས་སུ་ཆུག 5 དེ་དག་གིས་ཉམས་གསོ་མཛད་མཁན་གྱི་མདུན་དུ་ཁྱེད་ཉིད་ཐུགས་ཁྲོ་བར་བྱས་པས། དེ་དག་གི་སྡིག་པ་མི་སྦེད་ཅིང་། ཁྱེད་ཀྱི་སྤྱན་སྔར་དེ་དག་གི་སྡིག་པ་མི་བསལ་བར་མཛོད། 6 དེ་ལྟར་ངེད་རྣམས་ཀྱིས་མཁར་གྱང་བརྩིགས་ཏེ་མཁར་གྱང་ཐམས་ཅད་མཐུད་ནས་མཐོ་ཚད་ཕྱེད་ཀར་སླེབས་སོ། །དེ་ནི་འབངས་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་ལས་པའི་ཕྱིར་རོ། ། 7 སན་པཱ་ལད་དང་། ཏོ་བི་ཡཱ་དང་། ཨ་རབ་པ་དང་། ཨམ་མོན་པ་དང་། ཨ་སི་དོད་པ་བཅས་ཀྱིས་ཡེ་རུ་སཱ་ལེམ་གྱི་མཁར་གྱང་ཉམས་གསོ་བྱེད་པ་དང་། ཉམས་རྒུད་དུ་སོང་བའི་གནས་དེ་རྣམས་ཞིག་གསོ་བྱེད་འགོ་བརྩམས་པ་ཐོས་ནས་ཤིན་ཏུ་ཁྲོས་ཤིང་། 8 ཐམས་ཅད་ཡེ་རུ་སཱ་ལེམ་ལ་འཐབ་ཏུ་འོངས་ནས་གྲོང་འདི་དཀྲུག་པར་ཁ་འཆམ་པ་ལ། 9 ངེད་རྣམས་ཀྱིས་རང་གི་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་། ཉིན་མཚན་མེད་པར་དེ་དག་གི་ཕྱིར་སོ་པ་བཞག་གོ ། 10 ཡང་ཡ་ཧུ་དཱ་པ་རྣམས་ཀྱིས་འདི་ལྟར། ཁལ་འཁུར་བའི་སྟོབས་ཤུགས་ཞན་ལ་རྡོ་རུལ་ནི་མང་བས་ངེད་རྣམས་ཀྱིས་མཁར་གྱང་བརྩིག་མི་ནུས་སོ་ཞེས་སྨྲས་ཤིང་། 11 ངེད་རྣམས་ཀྱི་དགྲ་བོས་འདི་ལྟར་སྨྲས་པ་སྟེ། དེ་དག་གིས་མི་ཤེས་པ་དང་མི་མཐོང་བའི་སྐབས་སུ་ངེད་རྣམས་དེ་དག་གི་དཀྱིལ་དུ་སོང་སྟེ། དེ་དག་བསད་ནས་ལས་ཀ་དེ་མཚམས་གཅོད་དོ་ཞེས་པའོ། ། 12 དགྲ་དང་ཉེ་བར་གནས་པའི་ཡ་ཧུ་དཱ་པ་རྣམས་ཐེངས་བཅུ་ལ་ངེད་ཅག་གི་རྩར་འོངས་ནས་འདི་ལྟར། ཁྱོད་རྣམས་ངེས་པར་དུ་ང་ཚོའི་རྩར་ཕྱིར་ཡོང་དགོས་ཞེས་སྨྲས་པར། 13 ངས་འབངས་མི་རྣམས་ནི་མཁར་གྱང་རྒྱབ་ཀྱི་གནས་དམའ་སར་རལ་གྲི་དང་། མདུང་དང་། མདའ་གཞུ་བཟུང་དུ་བཅུག་ནས་རང་རང་གི་རིགས་རྒྱུད་བཞིན་དུ་བཞག་པ་ཡིན། 14 ངས་ཞིབ་ལྟ་བྱས་ཏེ་ཡར་ལངས་ནས་སྐུ་དྲག་དང་འགོ་དཔོན། འབངས་མི་རྣམས་ལ་འདི་ལྟར། དེ་དག་ལ་མ་འཇིགས་ཤིག གཙོ་བོ་དཀོན་མཆོག་ནི་ཆེན་པོ་དང་འཇིགས་སུ་རུང་བ་ལགས་པ་དེ་སེམས་ལ་ཟུངས་ཤིག རང་གི་སྤུན་ཟླ་དང་། བུ་དང་བུ་མོ་དང་། ཆུང་མ་དང་ཁྱིམ་ཚང་གི་ཆེད་དུ་འཐབ་འཛིང་བྱོས་ཤིག་ཅེས་སྨྲས་པ་ཡིན། 15 དེ་ནས་དགྲ་བོས་ངེད་རྣམས་ཀྱིས་ཁོ་ཚོའི་བསམ་ཚུལ་ཤེས་ཟིན་པ་དང་། དཀོན་མཆོག་གིས་ཀྱང་ཁོ་ཚོའི་ངན་ཇུས་དེ་གཏོར་བ་ཐོས་ནས་འོང་མ་ཕོད་པས། ངེད་རྣམས་ཕྱིར་མཁར་གྱང་གི་ཕྱོགས་སུ་སོང་ནས་རང་ཉིད་ཀྱི་ལས་བསྒྲུབས་པའོ། ། 16 ཉིན་དེ་ནས་བཟུང་ངའི་གཡོག་པོ་ཕྱེད་ཀས་ལས་བྱེད་པ་དང་། ཕྱེད་ཀས་མདུང་དང་། མདའ་གཞུ་དང་། ཕུབ་བཅས་བཟུང་ཞིང་། གོ་ཁྲབ་གྱོན་ནས་བསྡད་དོ། །འགོ་དཔོན་རྣམས་ཡ་ཧུ་དཱའི་ཁྱིམ་རྒྱུད་ཡོངས་ཀྱི་རྒྱབ་སྐྱོར་དུ་ཡོད་པ་ཡིན། 17 ཡ་ཧུ་དཱ་པ་རྣམས་ཀྱིས་མཁར་གྱང་བརྩིགས་པ་དང་། ཁུར་པོ་འཁུར་མཁན་ཐམས་ཅད་ཀྱིས་ལག་པ་ཡ་གཅིག་གིས་ལས་ཀ་བྱས། ལག་པ་ཡ་གཅིག་གིས་མཚོན་ཆ་བཟུང་བ་ཡིན། 18 རྩིག་མཁན་ཐམས་ཅད་ཀྱིས་རལ་གྲི་རྐེད་པར་བཏགས་ཏེ་བརྩིགས་སོ། །རྭ་དུང་འབུད་མཁན་དེ་ངའི་རྩར་ཡོད་པ་ཡིན། 19 དེར་ངས་སྐུ་དྲག་དང་། འགོ་དཔོན་དང་། འབངས་མི་རྣམས་ལ་འདི་ལྟར། ལས་བཟོ་འདི་རྒྱ་ཆེ་བ་དང་། ངེད་ཅག་མཁར་གྱང་སྟེང་ནས་ཕན་ཚུན་བར་རྒྱང་ཐག་རིང་བས། 20 ཁྱོད་ཚོས་རྭ་དུང་གི་སྒྲ་ཐོས་མ་ཐག་ཏུ་ངེད་ཅག་གི་རྩར་འཛོམས་དགོས་ལ། བདག་ཅག་གི་དཀོན་མཆོག་གིས་ང་ཚོའི་དོན་དུ་འཐབ་འཛིང་བགྱིའོ་ཞེས་སྨྲས་པ་ཡིན། 21 འདི་ལྟར་དུ་ངེད་ཀྱིས་ལས་ཀ་བྱས་ཤིང་། མི་ཕྱེད་ཀས་མདུང་བཟུང་སྟེ་ནམ་ལངས་པ་ནས་སྐར་མ་ཤར་བའི་བར་དུ་བསྡད་དོ། ། 22 སྐབས་དེར་ངས་འབངས་མི་རྣམས་ལ་འདི་ལྟར། མཚན་མོར་ངེད་ཀྱི་མེལ་ཚེ་བྱེད་པ་དང་། ཉིན་མོར་ལས་ཀ་བྱེད་པའི་ཕྱིར། མི་རེ་རེ་ཁོའི་གཡོག་པོ་དང་བཅས་ཡེ་རུ་སཱ་ལེམ་དུ་ཞག་སྡོད་གྱིས་ཤིག་ཅེས་བསྒོས་སོ། ། 23 དེ་ལྟར་ང་རང་དང་ངའི་སྤུན་དང་གཡོག་པོ་དང་། ངའི་སྲུང་དམག་བཅས་ཀྱིས་རང་གི་གྱོན་པ་མ་ཕུད་པ་དང་། ཆུ་འཐུང་བའི་སྐབས་སུའང་རང་གི་མཚོན་ཆ་བཟུང་ཡོད་དོ། །

<- ནེ་ཧེམ་ཡཱ། 3ནེ་ཧེམ་ཡཱ། 5 ->
  • ནེ་ཧེམ་ཡཱ།