Link to home pageLanguagesLink to all Bible versions on this site

༄༅། །ཡོ་ཤུ་ཨའི་མདོ།
ཡོ་ཤུ་ཨའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་ལུང་སྟོན་པ་མོ་ཤེ་སྐུ་མ་གཤེགས་སྔོན་དུ་དཀོན་མཆོག་གིས་ཡེས་ར་ཨེལ་གྱི་འགོ་དཔོན་དུ་བསྐོས་པའི་མི་སྣ་གཙོ་བོ་ཡོ་ཤུ་ཨའི་མིང་ནས་ཐོགས་པ་ཡིན། གཞུང་འདི་བཀའ་ལུང་གི་མདོ་ཞེས་བྱ་བའི་མཇུག་ཏུ་ཡི་གེར་འགོད་པར་བརྩམས་པ་དང་། སྐབས་དེར་ཚོ་པ་རྣམས་སྔར་བཞིན་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་སྒར་བརྒྱབ་ནས་བསྡད་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
ཡ་ཧུ་དཱ་པའི་གནའ་བོའི་སྲོལ་རྒྱུན་ལྟར་ན། གཞུང་འདིའི་མཇུག་གི་ཚན་པ་སྟེ་ཨ་རོན་གྱི་བུ་ཨེ་ལི་ཨ་ཟར་གྱིས་ཡི་གེར་བཀོད་པའི་ཡོ་ཤུ་ཨའི་འདས་མཆོད་ཀྱི་སྐོར་མ་གཏོགས་གཞན་ཚང་མ་ཡོ་ཤུ་ཨ་རང་ཉིད་ཀྱིས་ཡི་གེར་བཀོད་པ་ཡིན། མི་གཞན་པའི་འདོད་ཚུལ་ལྟར་ན། གཞུང་འདི་ནི་སཱ་མུ་ཨེལ་གྱིས་བསྡུ་སྒྲིག་བྱས་པར་བརྗོད་ཡོད། ཡིན་ནའང་ང་ཚོར་གཞུང་འདི་ཡི་གེར་འགོད་མཁན་སུ་ཡིན་པའི་སྐོར་གྱི་རྒྱུས་གསལ་པོ་ཞིག་མེད། ཡོ་ཤུ་ཨ་ཞེས་པའི་གཞུང་འདི་ནི་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ཡར་སྔོན་ཙམ་ལ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདིའི་བརྗོད་བྱའི་སྙིང་པོ་ནི་དཀོན་མཆོག་གིས་ཡེས་ར་ཨེལ་པ་རྣམས་ཁོང་གིས་ཞལ་བཞེས་གནང་བའི་ཡུལ་ལ་སྡོད་དུ་བཅུག་པའི་སྐོར་ཡིན། དཀོན་མཆོག་གི་ཕྱག་རོགས་ལ་བརྟེན་ནས་མི་རྣམས་ཡོར་དན་གཙང་པོ་བརྒལ་ཏེ་ཀ་ན་ཨན་གྱི་གཞིས་ཀ་གཙོ་བོ་དག་དབང་དུ་བསྡུས། གཞུང་གི་མཇུག་ཏུ་ཡོ་ཤུ་ཨས་དཀོན་མཆོག་གིས་ཁོང་གི་མི་རྣམས་ལ་མཛད་པའི་ཞལ་བཞེས་གནང་བ་རྣམས་ཁོ་ཚོས་དྲན་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དཀོན་མཆོག་ལ་བརྩི་བཀུར་བྱེད་དགོས་པ་དང་ཁོང་གི་བཀའ་ལ་མཉན་དགོས་པའི་སློབ་སྟོན་ཡང་གནང་བ་རེད།
འཆར་ཟིན།
1. ཀ་ན་ཨན་དབང་དུ་བསྒྱུར་བའི་སྟ་གོན་གྱི་སྐོར། ༼1:1-5:12༽
2. ཀ་ན་ཨན་དབང་དུ་བསྒྱུར་བའི་སྐོར། ༼5:13-12:24༽
3. ཚོ་པ་རྣམས་ལ་ཀ་ན་ཨན་ཡུལ་ལྗོངས་བགོ་འགྲེམ་བྱས་པའི་སྐོར། ༼13:1-21:45༽
4. ཡོ་ཤུ་ཨའི་ཞལ་ཆེམས་དང་ཁོང་སྐུ་གྲོངས་པའི་སྐོར། ༼22:1-24:33༽

ལེའུ་དང་པོ།
དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་བཅོལ་གདམས་གནང་བ།
1 དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེ་ཚེ་ལས་འདས་རྗེས། དཀོན་མཆོག་ཡ་ཝཱེས་མོ་ཤེའི་ཕྱག་རོགས་ཏེ་ནུན་གྱི་བུ་ཡོ་ཤུ་ཨ་ལ་འདི་སྐད་དུ། 2 བདག་གི་ཞབས་ཕྱི་མོ་ཤེ་ཚེ་ལས་འདས་པ་དང་། ད་ལྟ་ཁྱོད་རང་ཡར་ལངས་ནས་འབངས་མི་རྣམས་དང་ལྷན་ཅིག་ཏུ་ཡོར་དན་གཙང་པོ་འདི་བརྒལ་ཏེ། བདག་གིས་ཡེས་ར་ཨེལ་པ་རྣམས་ལ་གནང་བར་འགྱུར་བའི་ཡུལ་དེར་འགྲོ་དགོས། 3 བདག་གིས་མོ་ཤེ་ལ་ཅི་ཞིག་ཁས་བླངས་པ་བཞིན་དུ། བདག་གིས་ཁྱོད་རྣམས་ཀྱིས་གོམ་པ་སྤོ་སའི་ཡུལ་ཐམས་ཅད་ཁྱོད་རྣམས་ལ་གནང་བ་ཡིན། 4 དབེན་སྟོང་དང་ལེ་པཱ་ནོན་ནས་གཙང་པོ་ཆེན་པོ་ཕི་རཱད་ཀྱི་བར་དུ། ཧེད་པ་རྣམས་ཀྱི་ཡུལ་ཀུན་དང་རྒྱ་མཚོ་ཆེན་པོའི་ཉི་མ་ནུབ་མཚམས་བར་ཁྱོད་རྣམས་ཀྱི་ཡུལ་ཁམས་སུ་འགྱུར་ངེས་ཡིན། 5 ཁྱོད་ཀྱི་མི་ཚེ་གང་པོར་སུ་ཡིན་ཡང་ཁྱོད་ཀྱི་མདུན་དུ་ཚུགས་ཐུབ་པ་གཅིག་ཀྱང་མེད། བདག་ནི་ཇི་ལྟར་མོ་ཤེ་དང་མཉམ་དུ་གནས་པ་ཡིན་ན་ཁྱོད་དང་མཉམ་དུ་ཡང་དེ་ལྟར་གནས་ངེས་ཡིན། བདག་གིས་ཁྱོད་རང་མི་བསྐྱུར་ལ་འདོར་བར་ཡང་མི་འགྱུར་རོ། ། 6 ཁྱོད་ཀྱིས་འབངས་མི་རྣམས་ལ་བདག་གིས་ཁོ་ཚོའི་ཕ་མེས་ལ་གནང་བར་དམ་བཅས་པའི་ཡུལ་དེ་ས་སྐལ་དུ་འཐོབ་པར་བྱེད་ཆེད་སྙིང་སྟོབས་དང་དཔའ་སེམས་ལྡན་པར་གྱུར་ཅིག 7 ཁྱོད་རང་གང་དུ་སོང་ནའང་དོན་ཀུན་བདེ་བླག་ཡོང་བའི་ཕྱིར། ཞུམ་པ་མེད་པར་སྙིང་རུས་བསྐྱེད་ཅིག ངའི་ཞབས་ཕྱི་མོ་ཤེས་ཁྱོད་ལ་བསྒོས་པའི་བཀའ་ཁྲིམས་ཐམས་ཅད་ནན་བརྩི་ལག་བསྟར་བྱས་ནས་གཡས་གཡོན་གང་ལའང་མ་འཛོལ་ཅིག 8 ཁྱོད་ཀྱིས་མདོ་འདིའི་ནང་ཡི་གེར་བཀོད་པའི་བཀའ་ཐམས་ཅད་ནན་བརྩི་ལག་བསྟར་བྱེད་ཆེད། བཀའ་ཁྲིམས་ཀྱི་མདོ་འདི་ཁྱོད་ཀྱི་ངག་དང་མི་འབྲལ་བར་ཉིན་མཚན་མེད་པར་སྒོམས་ཤིག འདི་ལྟར་བྱས་ན། ཁྱོད་ཀྱི་ལམ་ནི་བདེ་བླག་ཡིན་ཞིང་དོན་ཀུན་འགྲུབ་པར་འགྱུར་རོ། ། 9 བདག་གིས་ཁྱོད་ལ་མ་བསྒོས་སམ། ཁྱོད་ཀྱིས་ཞུམ་པ་མེད་པར་སྙིང་རུས་བསྐྱེད་དགོས། ཁྱོད་རང་གང་དུ་སོང་ནའང་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་དང་མཉམ་དུ་བཞུགས་པས་མ་འཇིགས་མ་འཚབ་ཅིག་ཅེས་གསུངས་སོ། །
ཡོར་དན་གཙང་པོ་བརྒལ་བར་གྲ་སྒྲིག་བྱས་པ།
10 དེ་ནས་ཡོ་ཤུ་ཨ་ཡིས་འབངས་མིའི་འགོ་དཔོན་དག་ལ་བཀའ་བསྒོས་ཏེ་ན་རེ། 11 ཉིན་གསུམ་གྱི་ནང་དུ་ཁྱོད་རྣམས་ཡོར་དན་གཙང་པོ་བརྒལ་ནས། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ས་སྐལ་དུ་གནང་བའི་ཡུལ་དེ་ལེན་པར་འགྲོ་དགོས་པས། ཁྱོད་རྣམས་སྒར་ས་ཡོངས་སུ་འགྲིམས་ནས་འབངས་རྣམས་ལ་ཁ་ཟས་སྟ་གོན་བྱེད་པར་བསྒོ་དགོས་ཞེས་བསྒོས་སོ། ། 12 ཡོ་ཤུ་ཨ་ཡིས་རུ་བེན་པ་རྣམས་དང་གཱ་རྡུ་པ་རྣམས། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་མི་རྣམས་བཅས་ལ་ན་རེ། 13 ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེ་ཡིས་ཁྱོད་ཅག་ལ་བསྒོས་པའི་བཀའ་འདིར་ཕྱིར་དྲན་གྱིས་ཤིག ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ངལ་གསོ་གནང་ཞིང་ཡུལ་འདི་ཡང་གནང་བར་འགྱུར། 14 ཁྱོད་རྣམས་ཀྱི་ཆུང་མ་དང་བུ་ཕྲུག ཕྱུགས་ཟོག་བཅས་ནི་མོ་ཤེས་ཁྱོད་ཅག་ལ་གནང་བའི་ཡུལ་ཏེ་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་བསྡད་ཆོག་མོད། འོན་ཀྱང་ཁྱོད་ཚོའི་ཁྲོད་ཀྱི་དཔའ་རྒོད་སྟོབས་ཅན་རྣམས་ཀྱིས་མཚོན་ཆ་ཁྱེར་ཏེ་སྤུན་རྣམས་ཀྱི་སྔོན་དུ་ཕར་སོང་ནས་དེ་དག་ལ་རོགས་བྱེད་དགོས་ཤིང་། 15 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་དང་འདྲ་བར་ཁྱོད་ཅག་གི་སྤུན་རྣམས་ལའང་ངལ་གསོ་གནང་བར་མ་ཟད། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ལ་ས་སྐལ་དུ་གནང་བའི་ཡུལ་དེ་ཐོབ་པའི་སྐབས་སུ། ཁྱོད་རྣམས་ད་གཟོད་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་ཁྱོད་རྣམས་ལ་གནང་བ་དང་། ཁྱོད་རྣམས་ལ་ཐོབ་པའི་ཡུལ་དེ་ལེན་དུ་ལོག་ཆོག་ཅེས་སྨྲས། 16 ཁོ་རྣམས་ཀྱིས་ཡོ་ཤུ་ཨ་ལ་དེའི་ལན་དུ། ཁྱེད་ཀྱིས་ཅི་ཞིག་བྱེད་དགོས་པར་བསྒོས་ན་ངེད་ཅག་གིས་དེ་བཞིན་དུ་བྱེད་ཅིང་། ཁྱེད་ཀྱིས་གང་ཞིག་ལ་འགྲོ་བར་མངགས་ན་ངེད་རྣམས་དེ་རུ་འགྲོའོ། ། 17 ངེད་རྣམས་ཀྱིས་དོན་ཐམས་ཅད་ཀྱི་ཐད་ཇི་ལྟར་མོ་ཤེའི་བཀའ་ལ་མཉན་པ་ཡིན་ན། ད་ལྟ་དེ་ལྟར་ཁྱེད་ཀྱི་བཀའ་ལ་མཉན་ངེས་ཡིན། ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེ་ནི་མོ་ཤེ་མཉམ་དུ་བཞུགས་པ་བཞིན་ཁྱེད་དང་མཉམ་དུ་བཞུགས་པར་སྨོན། 18 སུ་ཡིན་ཡང་ཁྱེད་ཀྱི་བཀའ་ལ་འགལ་ཞིང་ཁྱེད་ཀྱི་གདམས་པ་ལ་མི་མཉན་ན་དེ་ནི་འཆི་ལམ་དུ་འཇུག་དགོས། ཁྱེད་ཀྱིས་ཞུམ་པ་མེད་པར་སྙིང་རུས་བསྐྱེད་ཅིག་ཅེས་ཞུས་སོ། །

ཡོ་ཤུ་ཨ། 2 ->