ལེའུ་བདུན་པ།
1 ས་གཞིར་མི་ཡིས་ངལ་ལས་བྱེད་པ་མ་ཡིན་ནམ། ། དེ་ཡི་མི་ཚེ་གླ་པའི་ཚེ་དང་མི་འདྲ་འམ། ། 2 དེ་ནི་གཡོག་པོས་གྲིབ་བསིལ་སྙེག་འདྲ་དང་། ། གླ་པས་གླ་ཕོག་རེ་བ་བྱེད་དང་མཚུངས། ། 3 ལོ་ཟླ་ཕན་མེད་བདག་གིས་བསྐྱལ་མྱོང་སྟེ། ། སྡུག་བསྔལ་ཅན་གྱི་མཚན་མོ་ང་ལ་གཏད། ། 4 ང་རང་མལ་དུ་ལོག་དུས་འདི་ལྟར་བརྗོད། ། ང་རང་ནམ་དུས་ཡར་ལ་ལང་འོས་སམ། ། མཚན་མོ་དེ་ནི་ནམ་ཞིག་འདའ་བར་འགྱུར། ། ཕར་ལོག་ཚུར་ལོག་བྱས་ནས་མཚན་དུས་ཡོལ། ། 5 ང་ཡི་ལུས་པོ་འབུ་དང་ས་ཡིས་གཡོགས། ། ང་ཡི་སྐྱི་མོ་གས་ནས་རྣག་ཀྱང་བཞུར། ། 6 ང་ཡི་མི་ཚེ་སྒྲོམ་བུ་ལས་ཀྱང་མགྱོགས། ། རེ་བ་མེད་པའི་ནང་དུ་དུས་རྣམས་འདས། ། 7 ང་ཡི་ཚེ་ནི་རླུང་དང་འདྲ་བ་ཡིད་ལ་ཞོག ། ང་ཡི་མིག་གིས་རྗེས་སུ་བདེ་སྐྱིད་མི་མཐོང་སྟེ། ། 8 བདག་ལ་ལྟ་བའི་མི་ཡིས་བདག་མི་མཐོང་། ། ཁྱོད་ཚོའི་མིག་གིས་བལྟས་ཀྱང་བདག་མི་ལུས། ། 9 སྤྲིན་ནི་ཡལ་ཞིང་སྣང་བར་མི་འགྱུར་བཞིན། ། གཤིན་ཡུལ་ཕྱིན་པ་རྣམས་ཀྱང་སླར་མི་འཐོན། ། 10 དེ་ནི་རང་གི་ཁྱིམ་དུ་ཕྱིར་མི་ལོག ། དེ་ཡི་ཡུལ་གྱིས་ཁོ་རང་ངོ་མི་ཤེས། ། 11 དེའི་ཕྱིར་བདག་གིས་ངག་མི་བསྡོམ། ། སེམས་ཀྱི་སྡུག་བསྔལ་སྨྲ་བ་དང་། ། ཁོག་གི་ཟུག་ངུ་བརྗོད་པར་བྱ། ། 12 རྒྱ་མཚོ་དང་ནི་ཆུ་སྲིན་བདག་མ་ཡིན། ། ཁྱེད་ཀྱིས་བདག་ལ་བཀག་འགོག་མཛད་དོན་ཅི། ། 13 གལ་ཏེ་བདག་གིས་འདི་ལྟར་སྨྲས་གྱུར་ཏེ། ། མལ་སྟན་གྱིས་ནི་བདག་ལ་སེམས་གསོ་དང་། ། མལ་སས་ང་ཡི་སྡུག་བསྔལ་འཁུར་ཞེས་ན། ། 14 ཁྱེད་ཀྱིས་རྨི་ལམ་ནང་དུ་བདག་འཚབ་འཇུག ། ཞལ་གཟིགས་བརྒྱུད་ནས་བདག་ལ་འཇིགས་སྐྲག་གནང་། ། 15 ཐ་ན་དབུགས་རྒྱུན་ཆད་ནས་ང་ཤི་ཡང་། ། བདག་གི་ཤ་སྐམ་རུས་སྐམ་ལས་ནི་བཟང་། ། 16 བདག་གིས་སྲོག་འདི་དོར་འདོད་དེ། ། ཇི་སྲིད་བར་དུ་གསོན་མི་འདོད། ། མི་ཚེ་སྟོང་བ་ཡིན་པས་ན། ། ང་རང་གཅིག་པུ་བསྐྱུར་བར་མཛོད། ། 17 ཁྱེད་ཀྱིས་མཐོན་པོར་བཟུང་བ་དང་། ། ཐུགས་སུ་འཛིན་པའི་མི་རྣམས་ནི། ། དོན་ལ་ཅི་ཞིག་ཡིན་ལགས་སམ། ། 18 ཞོགས་པ་རེ་རེར་གཟིགས་ཞིབ་མཛད་ནས་ནི། ། དུས་ཚོད་རེ་རེར་ཚོད་བགམ་མཛད་པ་ཅི། ། 19 ཁྱེད་ཀྱིས་ནམ་ཞིག་བདག་ལས་ཞལ་འཁོར་ནས། ། བདག་ལ་མཆིལ་མ་མིད་པའི་དུས་གནང་ངམ། ། 20 མི་ལ་ལྟ་ཞིབ་མཛད་པའི་གཙོ་བོ་ལགས། ། བདག་ལ་ཉེས་པ་ཡོད་ན་ཁྱེད་ཅི་འབྲེལ། ། ང་རང་ཁྱེད་དྲུང་འབེན་ལྟར་ཅི་ལ་འཇོག ། ང་རང་ཁྱེད་ཀྱི་ཁུར་པོར་གྱུར་དོན་ཅི། ། 21 ཁྱེད་ཀྱིས་ཅིའི་ཕྱིར་བདག་གི་སྐྱོན་མི་བཟོད། ། ཅི་ལ་བདག་གི་ཉེས་པ་སེལ་མི་མཛད། ། ད་ལྟ་ང་རང་ས་རྡུལ་ནང་ཉལ་ཏེ། ། ཁྱེད་ཀྱིས་བཙལ་ཡང་བདག་ནི་མི་རྙེད་དོ། །
<- ཨེས་ཡོབ། 6ཨེས་ཡོབ། 8 ->
ཨེས་ཡོབ།