Link to home pageLanguagesLink to all Bible versions on this site
ལེའུ་གཉིས་པ།
བདུད་སཱ་ཏན་གྱིས་ཡང་བསྐྱར་ཨེས་ཡོབ་ལ་ཉམས་ཚོད་ལེན་པར་དཀོན་མཆོག་ཡ་ཝཱེའི་བཀའ་འཁྲོལ་བ།
1 ཡང་ཉིན་ཞིག་ལ་དཀོན་མཆོག་གི་ཕོ་ཉ་རྣམས་དཀོན་མཆོག་ཡ་ཝཱེའི་ཞབས་དྲུང་དུ་བྱོན་པ་དང་། སཱ་ཏན་ཡང་དེ་དག་གི་ཁྲོད་དུ་འོངས་པ་རེད། 2 དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ཁྱོད་གང་ནས་འོངས་སམ་ཞེས་དྲིས་པར། སཱ་ཏན་གྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་ལན་དུ། ང་ནི་ས་གཞི་རུ་ཡར་མར་རྒྱུ་ཞིང་དེ་རུ་འཁོར་ནས་འོངས་པ་ཡིན་ཞེས་ཞུས་པ་དང་། 3 དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ཁྱོད་ཀྱིས་ངའི་ཞབས་ཕྱི་ཨེས་ཡོབ་ལ་ཞིབ་ཏུ་བལྟས་སམ། ས་སྟེང་དུ་དེ་དང་འདྲ་བའི་མི་སྐྱོན་གྱི་དྲི་མས་མ་གོས་པ་དང་སེམས་རྒྱུད་དྲང་བ། དཀོན་མཆོག་ལ་གུས་ཤིང་འཇིགས་པ། ངན་པའི་ལས་ལ་འཛེམ་པ་གཞན་སུ་ཡང་མེད། རྒྱུ་མཚན་མེད་པར་དེ་འཇོམས་པའི་ཆེད་དུ་ཁྱོད་ཀྱིས་ང་ལ་སྐུལ་སློང་བྱས་ནའང་། དེས་རང་གི་དྲང་བདེན་སྔར་བཞིན་དམ་དུ་བཟུང་ངོ་ཞེས་གསུངས་པས། 4 སཱ་ཏན་གྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་ལན་དུ། སྐྱི་མོའི་ཚབ་ཏུ་སྐྱི་མོ་ *འདིར་སྐྱི་མོའི་ཚབ་ཏུ་སྐྱི་མོ་ཞེས་པ་ནི་ཨེས་ཡོབ་ཁོང་ཉིད་འབྲོག་པ་ཡིན་ལ། ཁོང་གི་ཁྱིམ་མི་རྣམས་ནི་སྐྱི་མོ་ལྟར་ཁོང་སྲུང་སྐྱོབ་བྱེད་མཁན་ཡིན་ཞིང་། བདུད་སཱ་ཏན་གྱིས་དེ་ཐམས་ཅད་མེད་པར་བཏང་བ་དང་ད་ནི་ཨེས་ཡོབ་ཀྱི་སྐྱི་མོ་སྟེ་ཁོང་གི་སྐུ་གཟུགས་ལའང་གནོད་བསྐྱལ་བ་དེ་ལ་གོ་དགོས། ཡིན་ཏེ། མིས་རང་གི་སྲོག་གི་དོན་དུ་རྒྱུ་ནོར་ཐམས་ཅད་སྦྱིན་པར་འགྱུར། 5 ཡིན་ཡང་ད་ལྟ་ཁྱེད་ཀྱིས་ཕྱག་བརྐྱངས་ནས་དེའི་ཤ་དང་རུས་པ་ལ་རེག་པར་མཛད་ན། དེས་ཐད་ཀར་ཁྱེད་ལ་སྨོད་པར་མི་བྱའམ་ཞེས་ཞུས། 6 དེ་ནས་དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ། ལྟོས་དང་ཁོ་ནི་ཁྱོད་ཀྱི་ལག་ཏུ་ཡོད། ཡིན་ནའང་དེ་ཡི་སྲོག་འབའ་ཞིག་ལུས་སུ་ཆུག་ཅེས་བསྒོས། 7 དེ་ནས་སཱ་ཏན་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་ནས་སོང་སྟེ་ཨེས་ཡོབ་ལ་བརྡེགས་པ་དང་། དེའི་ཞབས་མཐིལ་ནས་སྤྱི་གཙུག་གི་བར་དུ་གཉན་འབུར་འབྱུང་དུ་བཅུག་པ་ལ། 8 ཨེས་ཡོབ་ཐལ་གྱི་ནང་དུ་བཞུགས་ཏེ་རྫ་ཆག་དུམ་བུ་ཞིག་བླངས་ནས་ལུས་ཀྱི་གཉན་འབུར་བྲད་ཅིང་། 9 དེ་ནས་ཁོའི་ཆུང་མས་ཁྱོད་ཀྱིས་ད་དུང་རང་ཉིད་ཀྱི་དྲང་བདེན་དམ་དུ་འཛིན་པ་ཡིན་ནམ། ཁྱོད་ཀྱིས་དཀོན་མཆོག་ལ་སྨད་ནས་ཤི་ན་དགའ་ཞེས་སྨྲས་ན་ཡང་། 10 ཨེས་ཡོབ་ཀྱིས་མོ་ལ་ན་རེ། ཀྱེ་ཧོ་ཁྱོད་ཀྱིས་བུད་མེད་བླུན་མོའི་ལུགས་སུ་གཏམ་བཤད་པ་རེད། རང་ཅག་གིས་དཀོན་མཆོག་གི་ཕྱག་ནས་བཟང་པོ་རྣམས་བླངས་ནས། སྡུག་བསྔལ་རྣམས་ལེན་པར་མི་རིགས་སམ་ཞེས་སྨྲས་ནས། དོན་འདི་ཀུན་གྱི་ནང་དུ་ཨེས་ཡོབ་ཀྱིས་ངག་ལས་ཉེས་པ་ཅི་ཡང་མ་བྱས་སོ། །
གྲོགས་པོ་གསུམ་ཨེས་ཡོབ་ལ་སེམས་གསོ་བྱེད་དུ་འོངས་པ།
11 དེ་ནས་ཨེས་ཡོབ་ཀྱི་གྲོགས་པོ་སྟེ། དེ་མན་པ་ཨེ་ལི་ཕཱ་སི་དང་། ཤུ་ཧེ་པ་པེལ་དེལ་དང་། ན་ཨ་མད་པ་ཚའོ་ཕར་ཞེས་བྱ་བ་གསུམ་གྱིས་ཁོ་ལ་བྱུང་བའི་རྐྱེན་ངན་ཐམས་ཅད་ཐོས་པའི་ཚེ། ཁོང་ཚོ་རང་རང་གི་གནས་ནས་འོངས་ཏེ། ཨེས་ཡོབ་ལ་མྱ་ངན་ཞུ་བ་དང་སེམས་གསོ་བྱེད་ཆེད་མཉམ་དུ་འདུས་སོ། ། 12 ཡང་དེ་དག་གིས་རྒྱང་རིང་ནས་མགོ་ཡར་བཀྱགས་ནས་བལྟས་པའི་ཚེ་ཨེས་ཡོབ་ཀྱི་ངོ་ཡང་མ་ཤེས་པས་སྐད་ཆེན་པོས་ངུས་ཏེ། རང་རང་གི་གོས་གཤགས་ནས་ཐལ་བ་ནམ་མཁར་གཏོར་བ་ན། ཐལ་བ་ཕྱིར་རང་རང་གི་མགོ་ལ་བབས། 13 དེ་ལྟར་དེ་དག་ཉིན་ཞག་བདུན་ལ་ཁོང་དང་མཉམ་དུ་སར་བསྡད་པ་དང་། དེའི་སྡུག་བསྔལ་རབ་ཏུ་ཆེ་བ་མཐོང་སྟེ་ཁོང་ཚོས་ཚིག་གཅིག་ཀྱང་ཞུ་བར་མ་ནུས་སོ། །

<- ཨེས་ཡོབ། 1ཨེས་ཡོབ། 3 ->
  • ཨེས་ཡོབ།
  • *ལེའུ་གཉིས་པ།:4