Link to home pageLanguagesLink to all Bible versions on this site
ལེའུ་བཅུ་བཞི་པ།
1 མི་ནི་བུད་མེད་དག་ལས་སྐྱེས་པ་དང་། ། ཚེ་ནི་ཐུང་ཞིང་སྡུག་བསྔལ་གྱིས་ནི་བཀང་། ། 2 དེ་ནི་མེ་ཏོག་བཞིན་དུ་བཞད་ཅིང་གཅོད་པར་བྱེད། ། དེ་ནི་གྲིབ་མ་བཞིན་དུ་འབྲོ་ཞིང་མི་ལུས་ཏེ། ། 3 དེ་ལྟའི་མི་ལ་ཁྱེད་ཀྱིས་གཟིགས་འགྱུར་རམ། ། ཉེས་ཆེད་གཅོད་ཕྱིར་ཁྱེད་དྲུང་བདག་འགུག་གམ། ། 4 བཙོག་པའི་ནང་ནས་གཙང་བ་སུས་འདོན་ནུས། ། དེ་འདྲ་ནུས་པའི་མི་ནི་ཡོད་མ་ཡིན། ། 5 མི་ཡི་ཚེ་ལོར་ཚད་ཡོད་ཅིང་། ། ཟླ་རྣམས་ཁྱེད་ལ་རག་ལས་ཏེ། ། ཁྱེད་ཀྱིས་ཁོ་ལ་མཚམས་བཅད་ན། ། ཁོ་རང་དེ་ལས་བརྒལ་མི་སྲིད། ། 6 ཁྱེད་ཀྱིས་ཁོ་ལ་མི་གཟིགས་པར། ། ངལ་གསོ་ལེགས་པོ་གནང་བར་མཛོད། ། ཁོ་ཡིས་ཉིན་རེའི་སྐྱིད་ལ་རོལ། ། དེ་ནི་གླ་པའི་ཉིན་དང་མཚུངས། ། 7 སྡོང་པོར་རེ་བ་ལྡན་པ་སྟེ། ། དེ་ཡི་ཡལ་ག་བཅད་ན་ཡང་། ། ཕྱིས་སུ་མྱུ་གུ་འབུས་པ་དང་། ། ལྕུག་གསར་ཡང་ནས་ཡང་དུ་སྐྱེས། ། 8 སྡོང་པོའི་རྩད་པ་ས་ནང་རྙིང་གྱུར་ཏེ། ། དེ་ཡི་ཡལ་ག་ས་ནང་ཤི་ན་ཡང་། ། 9 ཆུ་ཡི་གཤེར་གྱིས་མྱུག་གསར་སྐྱེ་འགྱུར་ཞིང་། ། སྡོང་ཕྲུག་བཞིན་དུ་ཡལ་ག་འཐོན་འགྱུར་གྱིས། ། 10 མི་ནི་ཤི་ན་མེད་པར་འགྱུར་བ་དང་། ། དབུགས་རྒྱུན་ཆད་པར་གྱུར་དུས་ཚར་བ་ཡིན། ། 11 རྒྱ་མཚོའི་ཆུ་རྣམས་བསྐམ་པར་འགྱུར་བ་དང་། ། གཙང་པོ་ཡང་ནི་བསྐམ་ཞིང་ཡལ་བར་འགྱུར། ། 12 མི་ནི་ཉལ་རྗེས་ཡང་བསྐྱར་མི་ལང་སྟེ། ། ནམ་མཁའ་དག་ནི་མེད་པར་གྱུར་ན་ཡང་། ། མི་རྣམས་རང་གི་གཉིད་ལས་སད་མི་འགྱུར། ། གཞན་གྱིས་དེ་རྣམས་གཉིད་ལས་བསླང་མི་ནུས། ། 13 ཁྱེད་ཀྱི་ཐུགས་ཁྲོ་ཞི་ཞིང་འདའ་བའི་བར། ། བདག་ནི་གཤིན་པོའི་ཡུལ་དུ་སྦ་བར་མཛོད། ། བདག་གི་དོན་དུ་དུས་བཅད་མཛད་པར་སྨོན། ། ད་དུང་བདག་ནི་ཐུགས་སུ་དྲན་རོགས་གནང་། ། 14 མི་ནི་ཤི་རྗེས་སླར་ཡང་གསོན་ཐུབ་བམ། ། བདག་གིས་ངལ་ལས་རྒྱག་པའི་དུས་ཀུན་ཏུ། ། ཐར་པ་འཐོབ་པའི་བར་དུ་སྒུག་པར་འགྱུར། ། 15 ཁྱེད་ཀྱིས་འབོད་དུས་ང་ཡིས་ཞུ་ལན་འབུལ། ། ཁྱེད་ཀྱི་བཀོད་པར་ཁྱེད་ནི་དུངས་པར་འགྱུར། ། 16 དེ་ནས་ཁྱེད་ཀྱིས་ང་ཡི་གོམ་པ་བརྩི། ། བདག་གི་སྡིག་པར་ཁྱེད་ཀྱིས་མ་གཟིགས་ཏེ། ། 17 བདག་གི་ཉེས་སྐྱོན་ཁྱེད་ཀྱིས་སྣོད་དུ་བཅུག ། ང་ཡི་སྡིག་ཉེས་ཁྱེད་ཀྱིས་འགེབ་པར་མཛད། ། 18 འོན་ཀྱང་རི་བོ་ནུར་ཏེ་མེད་པར་གྱུར། ། ཕ་བོང་རང་གི་གནས་ལས་འཕོ་བར་གྱུར། ། 19 བཞུར་ཆུས་རྡོ་རྣམས་བརྡར་བ་དང་། ། ཆུ་ལོག་གིས་ནི་རྡུལ་རྣམས་འཁུར། ། ཁྱེད་ཀྱིས་མི་ཡི་རེ་བ་གཅོད། ། 20 ཁྱེད་ནི་ནམ་ཡང་མི་ལས་རྒྱལ། ། དེ་རྣམས་འཆི་བར་འགྱུར་བ་དང་། ། དེའི་གདོང་བསྒྱུར་བར་མཛད་གྱུར་ནས། ། མཐའ་མར་དེ་དག་མངག་པར་འགྱུར། ། 21 ཁོང་གི་བུ་ལ་གཟི་བརྗིད་ཐོབ་ཀྱང་དེས་མི་རྟོགས། ། དེ་དག་དམན་སར་ལྷུང་ཡང་དེ་ཡིས་མི་ཤེས་ཏེ། ། 22 རང་གི་ལུས་ཀྱི་ན་ཟུག་འབའ་ཞིག་ཚོར། ། སེམས་སུ་རང་གི་ཆེད་དུ་མྱ་ངན་བྱེད། །

<- ཨེས་ཡོབ། 13ཨེས་ཡོབ། 15 ->
  • ཨེས་ཡོབ།