ལེའུ་སོ་དགུ་པ།
ཡེ་རུ་སཱ་ལེམ་དགྲ་ལག་ཏུ་ཤོར་བ།
1 ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱའི་སྲིད་ལོ་དགུ་པའི་ཟླ་བཅུ་པར། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་དཔུང་ཚོགས་ཁྲིད་དེ་ཡེ་རུ་སཱ་ལེམ་ལ་རྒོལ་བར་འོངས་ནས་གྲོང་ཁྱེར་བསྐོར་བ་རེད། 2 ཚིད་ཀི་ཡཱའི་སྲིད་ལོ་བཅུ་གཅིག་པའི་ཟླ་བཞི་པའི་ཚེས་དགུ་ཉིན་ལྕགས་རི་གཏོར་བའོ། ། 3 ཡེ་རུ་སཱ་ལེམ་ལེན་པའི་དུས་སུ། པཱ་པེལ་ལོན་གྱི་རྒྱལ་པོའི་འགོ་དཔོན་རྣམས་ཏེ་ནེར་གལ་ཤར་ཨེ་ཟེར་དང་། སམ་གར་ནེ་བོ། བློན་ཆེན་སར་སེ་ཀེམ། དམག་དཔོན་ནེར་གལ་ཤར་ཨེ་ཟེར། དེ་མིན་པཱ་པེལ་ལོན་གྱི་རྒྱལ་པོའི་འགོ་དཔོན་གཞན་ཐམས་ཅད་རྒྱ་སྒོ་བར་མ་རུ་བསྡད་དོ། ། 4 ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱ་དང་དམག་མི་ཐམས་ཅད་ཀྱིས་དེ་རྣམས་མཐོང་ནས། མཚན་མོའི་དུས་སུ་རྒྱལ་པོའི་སྐྱེད་ཚལ་དང་ཉེ་བའི་མཁར་གཉིས་ཀྱི་བར་སྒོ་ནས་ཕྱི་རུ་བྲོས་ཏེ་ཨ་ར་པཱ་རུ་སོང་ངོ་། ། 5 ཡིན་ནའང་ཀལ་དི་པའི་དམག་དཔུང་གིས་དེ་རྣམས་ཀྱི་རྗེས་དེད་ནས། ཡེ་རུ་ཀོའི་ཐང་དུ་ཚིད་ཀི་ཡཱའི་རྗེས་ཆོད་པ་དང་དེ་བཟུང་ནས་ཧ་མཱད་ཀྱི་གནས་རིབ་ལཱ་ཞེས་པར་པཱ་པེལ་ལོན་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་མདུན་དུ་ཁྲིད་པ་དང་། ནེ་བོ་ཀད་ནེ་ཙར་གྱིས་དེ་ལ་ཁྲིམས་ཐག་བཅད་དོ། ། 6 པཱ་པེལ་ལོན་གྱི་རྒྱལ་པོས་རིབ་ལཱ་ཡུལ་དུ་ཚིད་ཀི་ཡཱའི་མདུན་ནས་ཁོའི་བུ་རྣམས་བསད་པ་དང་། ཡང་ཡ་ཧུ་དཱའི་སྐུ་དྲག་ཐམས་ཅད་ཀྱང་བསད་པར་མ་ཟད། 7 ཚིད་ཀི་ཡཱའི་མིག་ཟུང་བཏོན་ནས་ཁོ་པཱ་པེལ་ལོན་དུ་འཁྲིད་ཕྱིར་ལི་ཡི་སྒྲོག་རྣམས་བརྒྱབ་པ་རེད། 8 ཡང་ཀལ་དི་པ་རྣམས་ཀྱིས་རྒྱལ་པོའི་ཕོ་བྲང་དང་མི་རྣམས་ཀྱི་ཁང་པ་རྣམས་མེ་ཡིས་བསྲེགས་ཏེ། ཡེ་རུ་སཱ་ལེམ་གྱི་མཁར་རྣམས་ཀྱང་བཤིགས་པའོ། ། 9 དུས་དེར། སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་གྲོང་ཁྱེར་ནང་གི་ཤུལ་ལུས་རྣམས་དང་། པཱ་པེལ་ལོན་གྱི་ཕྱོགས་སུ་མགོ་བསྒུར་བ་རྣམས། དེ་འཕྲོའི་མི་རྣམས་པཱ་པེལ་ལོན་དུ་བཙོན་ལ་ཁྲིད་དོ། ། 10 ཡིན་ནའང་སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་མི་སྡེ་ལས་ཅི་ཡང་མེད་པའི་དབུལ་པོ་དག་ནི་ཡ་ཧུ་དཱའི་ཡུལ་དུ་བསྐྱུར་ནས། མཚུངས་སུ་ཁོ་རྣམས་ལ་རྒུན་འབྲུམ་ར་བ་དང་ཞིང་ས་རྣམས་གནང་བ་རེད།
ཡེ་རེམ་ཡཱ་བཙོན་གྲོལ་བཏང་བ།
11 པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་ཡེ་རེམ་ཡཱའི་དོན་དུ་སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་ལ་འདི་ལྟར་བཀའ་གནང་བ་སྟེ། 12 ཁྱོད་ཀྱིས་ཁོ་ཁྲིད་ནས་སོང་དང་། དེ་དྲིན་གྱིས་བསྐྱངས་ནས་གནོད་བསྐྱལ་མི་རུང་། ཁོས་ཁྱོད་ལ་ཇི་ལྟར་ཞུས་ན་དེ་ལྟར་བྱོས་ཤིག་ཅེས་བསྒོས་པ་ན། 13 སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་དང་བློན་ཆེན་ནེ་བུ་ཤཱ་སི་བན། དམག་དཔོན་ནེར་གལ་ཤར་ཨེ་ཟེར། དེ་མིན་པཱ་པེལ་ལོན་གྱི་རྒྱལ་པོའི་འགོ་དཔོན་ཀུན་གྱིས། 14 མི་མངགས་ཏེ་སྐུ་སྲུང་གི་ཁྱམས་ར་ནས་ཡེ་རེམ་ཡཱ་ཁྲིད་འོངས་པ་དང་། ཤཱ་ཕན་གྱི་ཚ་བོ་སྟེ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་ལ་གཏད་ནས་དེའི་ཁྱིམ་ལ་འཁྲིད་དུ་བཅུག་པ་དང་། ཡེ་རེམ་ཡཱ་ཡང་མི་རྣམས་ཀྱི་ཁྲོད་དུ་བཞུགས་སོ། ། 15 ཡེ་རེམ་ཡཱ་ད་དུང་སྐུ་སྲུང་གི་ཁྱམས་རར་བཙན་བཟུང་བྱས་ཡོད་པའི་དུས་སུ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཁོང་ལ་བྱུང་བ་འདི་ལྟ་སྟེ། 16 ཁྱོད་སོང་ནས་གུ་ཤ་པ་ཨེ་བེད་མེ་ལེག་ལ་འདི་ལྟར་སྨྲོས་ཤིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག ངས་ཆག་སྒོ་འབྱུང་དུ་འཇུག་པ་ལས་བྱིན་རླབས་མི་གནང་ཞེས་སྨྲས་པའི་གཏམ་ནི་གྲོང་ཁྱེར་འདི་ལ་འབྱུང་བར་འགྱུར་ཏེ། དུས་དེར་འདི་ཐམས་ཅད་ཁྱོད་ཀྱི་མདུན་དུ་དངོས་སུ་འབྱུང་བར་འགྱུར། 17 ཡིན་ནའང་ཉིན་དེར་སླེབ་དུས་ངས་ཁྱོད་རང་སྐྱོབ་པར་འགྱུར་ལ། ཁྱོད་ནི་རང་ཉིད་འཇིགས་པའི་ལག་ཏུ་མི་གཏོད་ཅེས་དཀོན་མཆོག་ཡ་ཝཱེས་གསུངས། 18 ངས་ཁྱོད་རང་སྐྱོབ་པར་འགྱུར་བས། ཁྱོད་ནི་རལ་གྲིའི་འོག་ཏུ་མི་འགྱེལ་བར་དམག་འཁྲུག་ལས་རང་སྲོག་ཐར་བར་འགྱུར་རོ། །ཅི་ལ་ཞེ་ན། ཁྱོད་རང་ང་ལ་བརྟེན་པས་ཡིན་ཞེས་པའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
<- ཡེ་རེམ་ཡཱ། 38ཡེ་རེམ་ཡཱ། 40 ->
ཡེ་རེམ་ཡཱ།