ལེའུ་སོ་བརྒྱད་པ།
ཡེ་རེམ་ཡཱ་དོང་ནང་དུ་བསྡད་པ།
1 མད་ཐན་གྱི་བུ་ཤེ་ཕད་ཡཱ་དང་། ཕཱ་ཤུར་གྱི་བུ་གེ་དལ་ཡཱ། ཤེ་ལེམ་ཡཱའི་བུ་ཡུ་ཀལ། མལ་ཀི་ཡཱའི་བུ་ཕ་ཤུར་བཅས་ཀྱིས་ཡེ་རེམ་ཡཱས་མི་སྡེ་ཀུན་ལ་གཏམ་འདི་ལྟར་སྨྲས་པ་ཐོས་ཏེ། 2 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གྲོང་ཁྱེར་འདི་རུ་ལུས་པ་ཀུན་རལ་གྲི་དང་མུ་གེ རིམས་ནད་བཅས་ཀྱིས་སྲོག་དང་འབྲལ་བར་འགྱུར། ཡིན་ནའང་ཀལ་དི་པའི་ཕྱོགས་སུ་འཁོར་བ་རྣམས་གསོན་པོར་ལུས་ཏེ། དེ་རྣམས་སྲོག་ཐར་ནས་འཚོ་བར་འགྱུར་རོ་ཞེས་གསུངས། 3 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གྲོང་ཁྱེར་འདི་ནི་པཱ་པེལ་ལོན་གྱི་རྒྱལ་པོའི་དམག་ཚོགས་ཀྱི་ལག་ཏུ་གཏོད་ངེས་ལ། དེས་གྲོང་ཁྱེར་འདི་ལེན་པར་འགྱུར་ཞེས་གསུངས་སོ་ཞེས་པའོ། ། 4 དེ་ནས་འགོ་དཔོན་རྣམས་ཀྱིས་རྒྱལ་པོ་ལ་འདི་ལྟར། ཁྱེད་ཀྱིས་མི་འདི་གསོད་རོགས་གནང་། ཅི་ལ་ཞེ་ན། ཁོས་གྲོང་ཁྱེར་འདི་རུ་ལུས་པའི་དམག་དང་མི་ཚོགས་ལ་གཏམ་འདི་ལབ་ཅིང་། དེ་རྣམས་ཀྱི་སེམས་ཤུགས་ཉམས་སུ་བཅུག་པ་སྟེ། ཁོས་མི་འདི་རྣམས་ཀྱི་དོན་དུ་ཞི་བདེ་མི་འཚོལ་བར། དེ་རྣམས་ལ་ཆག་སྒོ་བསླངས་པ་ཡིན་ཞེས་སྨྲས་པ་ན། 5 རྒྱལ་པོ་ཚིད་ཀི་ཡཱ་ན་རེ། ལྟོས་ཤིག ཁོ་ནི་ཁྱོད་ཚོའི་ལག་ཏུ་ཡོད་དེ། ངས་ཁྱོད་ཚོས་ཁོ་ལ་ཅི་བྱེད་པར་རྒོལ་མི་ནུས་སོ་ཞེས་སྨྲས་ཤིང་། 6 དེ་དག་གིས་ཡེ་རེམ་ཡཱ་བཟུང་སྟེ་སྐུ་སྲུང་པའི་ཁྱམས་རར་ཡོད་པའི་རྒྱལ་སྲས་མལ་ཀི་ཡཱའི་ཆུ་དོང་ནང་དུ་གཡུགས་པ་སྟེ། ཁོ་ཚོས་ཡེ་རེམ་ཡཱ་ནི་དཔྱང་ཐག་ལས་མར་ཕབ་བོ། །ཆུ་དོང་དེའི་ནང་དུ་ཆུ་མེད་པར་འདམ་རྫབ་འབའ་ཞིག་ཡོད་པས་ཡེ་རེམ་ཡཱ་འདམ་ནང་དུ་ཟུག་པ་རེད། 7 ཡང་རྒྱལ་པོའི་ཕོ་བྲང་དུ་ཡོད་པའི་ཉུག་རུམ་པ་གུ་ཤ་པ་ཨེ་བེད་མེ་ལེག་གིས་དེ་ཚོས་ཡེ་རེམ་ཡཱ་ཆུ་དོང་གི་ནང་དུ་བཅུག་པ་ཐོས་ཤིང་། སྐབས་དེར་རྒྱལ་པོ་ནི་པེན་ཡཱ་མེན་གྱི་རྒྱ་སྒོར་བཞུགས་ཡོད་པ་དང་། 8 ཨེ་བེད་མེ་ལེག་རྒྱལ་པོའི་ཕོ་བྲང་ནས་ཕྱི་རུ་འོངས་ཏེ་རྒྱལ་པོ་ལ་ན་རེ། 9 ཀྱེ་ཇོ་བོ་ངའི་རྒྱལ་པོ་ལགས། མི་འདི་དག་གིས་ལུང་སྟོན་པ་ཡེ་རེམ་ཡཱ་ལ་སྤྱོད་ངན་ཚ་པོ་རྐྱང་རྐྱང་སྤྱད་དེ་ཁོང་ཆུ་དོང་ནང་དུ་གཡུགས་པ་རེད། གྲོང་ཁྱེར་ནང་དུ་ཁ་ཟས་མེད་པས་ཁོང་གིས་དེ་རུ་ལྟོགས་སྐོམ་མྱངས་ནས་འཆི་བར་ངེས་ཞེས་ཞུས་པ་དང་། 10 རྒྱལ་པོས་གུ་ཤ་པ་ཨེ་བེད་མེ་ལེག་ལ་འདི་ལྟར། ཁྱོད་ཀྱིས་འདི་ནས་མི་སུམ་ཅུ་ཁྲིད་ནས་ལུང་སྟོན་པ་ཡེ་རེམ་ཡཱ་མ་ཤི་བའི་སྔོན་དུ་ཆུ་དོང་ལས་ཡར་འཐེན་པར་གྱིས་ཤིག་ཅེས་བཀའ་བསྩལ་པ་ན། 11 ཨེ་བེད་མེ་ལེག་གིས་མི་དེ་རྣམས་ཁྲིད་ནས་རྒྱལ་པོའི་ཕོ་བྲང་དུ་མཛོད་ཁང་གི་འོག་ཁང་ལ་སོང་ནས། གོས་ཧྲུལ་དང་རས་ཧྲུལ་རྣམས་དེ་ནས་བླངས་ཏེ། ཆུ་དོང་གི་ནང་དུ་ཡེ་རེམ་ཡཱའི་རྩར་ཐག་པས་མར་བཏང་ནས། 12 གུ་ཤ་པ་ཨེ་བེད་མེ་ལེག་གིས་ཡེ་རེམ་ཡཱ་ལ་འདི་ལྟར། ཁྱེད་ཀྱིས་རས་ཧྲུལ་དང་གོས་ཧྲུལ་འདི་དག་ཐག་པའི་འོག་ལ་མཆན་ཁུང་དུ་ཆུག་དང་ཞེས་ཞུས་པ་ལ་ཡེ་རེམ་ཡཱས་དེ་ལྟར་བྱས་པ་དང་། 13 དེ་དག་གིས་ཐག་པས་ཡེ་རེམ་ཡཱ་ཆུ་དོང་ལས་ཡར་འཐེན་ནས་ཡེ་རེམ་ཡཱ་སྐུ་སྲུང་པའི་ཁྱམས་རར་བཞུགས་སོ། །
ཚིད་ཀི་ཡཱ་ཡིས་ཡེ་རེམ་ཡཱ་ལ་བློ་དྲིས་པ།
14 ཕྱིས་སུ་རྒྱལ་པོ་ཚིད་ཀི་ཡཱས་མི་མངགས་ཏེ་ལུང་སྟོན་པ་ཡེ་རེམ་ཡཱ་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྒོ་གསུམ་པའི་ཁར་རྒྱལ་པོ་རང་གི་དྲུང་དུ་བོས་ནས། རྒྱལ་པོས་ཡེ་རེམ་ཡཱ་ལ་འདི་ལྟར། ངས་ཁྱེད་ལ་དོན་ཞིག་འདྲི་བར་བྱ་སྟེ། ཁྱེད་ཀྱིས་ང་ལ་སྦ་གསང་མེད་པར་གྱིས་ཞེས་སྨྲས་པ་དང་། 15 ཡེ་རེམ་ཡཱ་ཡིས་ཚིད་ཀི་ཡཱ་ལ་འདི་ལྟར། ཇི་སྟེ་ངས་ཁྱེད་ལ་སྨྲས་པ་ཡིན་ན་ཁྱེད་ཀྱིས་ང་གསོད་པར་འགྱུར་བ་མ་ཡིན་ནམ། ཇི་སྟེ་ངས་ཁྱེད་ལ་ཁ་ཏ་བསླབ་བྱ་བཏང་ན། ཁྱེད་ཀྱིས་ང་ལ་མི་མཉན་ནོ་ཞེས་སྨྲས་པས། 16 རྒྱལ་པོ་ཚིད་ཀི་ཡཱ་ཡིས་ལྐོག་ཏུ་ཡེ་རེམ་ཡཱ་ལ་མནའ་བོར་ནས་འདི་ལྟར། ངས་རང་ཅག་གི་ཚེ་སྲོག་འགོད་མཁན་གྱི་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ངས་གཏན་ནས་ཁྱེད་རང་གསོད་པར་མི་འགྱུར་ལ། ཁྱེད་ཀྱི་སྲོག་སྙེག་མཁན་གྱི་ལག་ཏུ་ཁྱེད་རང་གཏོད་པར་ཡང་མི་བྱའོ་ཞེས་སྨྲས། 17 དེ་ནས་ཡེ་རེམ་ཡཱ་ཡིས་ཚིད་ཀི་ཡཱ་ལ་འདི་ལྟར། དཔུང་ཚོགས་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཇི་སྟེ་ཁྱེད་རང་སོང་ནས་པཱ་པེལ་ལོན་གྱི་རྒྱལ་པོའི་དམག་དཔོན་རྣམས་ལ་མགོ་བསྒུར་ན། ཁྱེད་ཀྱི་སྲོག་ནི་ཐར་ཞིང་། གྲོང་ཁྱེར་འདི་ཡང་མེས་བསྲེག་པར་མི་འགྱུར་ལ། ཁྱེད་དང་ཁྱེད་ཀྱི་ཁྱིམ་རྒྱུད་ཡོངས་གསོན་པོར་ལུས་ཡོང་། 18 གལ་ཏེ་ཁྱེད་རང་ཕྱི་རོལ་ཏུ་སོང་ནས་པཱ་པེལ་ལོན་གྱི་རྒྱལ་པོའི་དམག་དཔོན་རྣམས་ལ་མགོ་མི་བསྒུར་ན། གྲོང་ཁྱེར་འདི་ཀལ་དི་པ་རྣམས་ཀྱི་ལག་ཏུ་གཏོད་ཅིང་། ཁོ་རྣམས་ཀྱིས་གྲོང་ཁྱེར་འདི་མེས་བསྲེག་པར་འགྱུར་ཏེ། ཁྱེད་རང་ཉིད་ཀྱང་དེ་དག་གི་ལག་ནས་ཐར་བར་མི་འགྱུར་ཞེས་གསུངས་ཞེས་སྨྲས་པ་ལ། 19 ཚིད་ཀི་ཡཱ་ཡིས་ཡེ་རེམ་ཡཱ་ལ་འདི་ལྟར། ང་ནི་ཀལ་དི་པའི་ཕྱོགས་སུ་མགོ་བསྒུར་བའི་ཡ་ཧུ་དཱ་པ་རྣམས་ལ་འཇིགས་ཏེ། ཀལ་དི་པ་རྣམས་ཀྱིས་ང་རང་དེ་དག་གི་ལག་ཏུ་གཏད་ན། དེ་དག་གིས་ང་ལ་བརྙས་པར་འགྱུར་རོ་ཞེས་སྨྲས་ཤིང་། 20 ཡེ་རེམ་ཡཱ་ན་རེ། ཀལ་དི་པས་ཁྱེད་ནི་དེ་རྣམས་ལ་མི་གཏོད་དོ། །ངས་ཁྱེད་ལ་བསྐུལ་བའི་དཀོན་མཆོག་ཡ་ཝཱེའི་བཀའ་ལ་གསན་རོགས་མཛོད། དེ་ནས་ཁྱེད་བདེ་ཞིང་ཁྱེད་ཀྱི་སྲོག་ཀྱང་གསོན་པོར་ལུས་ཡོང་། 21 ཇི་སྟེ་ཁྱེད་རང་ཕྱི་རུ་སོང་ནས་མགོ་མ་བསྒུར་ན། དཀོན་མཆོག་ཡ་ཝཱེས་ང་ལ་མངོན་པར་མཛད་པའི་བཀའ་ནི་འདི་ལྟ་སྟེ། 22 ལྟོས་ཤིག ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་ནང་དུ་ལུས་པའི་སྐྱེས་མ་ཐམས་ཅད་ནི་པཱ་པེལ་ལོན་གྱི་རྒྱལ་པོའི་དམག་དཔོན་ཚོའི་མདུན་དུ་བསྐྱལ་བར་འགྱུར་ལ། དེ་ནས་སྐྱེས་མ་དེ་དག་ན་རེ། ཁྱེད་ཀྱི་མནའ་བཅད་རྣམས་ཀྱིས་ཁྱེད་བསླུས་ཤིང་དེ་དག་ཁྱེད་ལས་རྒྱལ་བ་དང་། ད་ལྟ་ཁྱེད་ཀྱི་རྐང་པ་འདམ་རྫབ་ནང་དུ་ལྷུང་ཞིང་དེ་དག་གིས་ཁྱེད་དོར་བ་ཡིན་ཞེས་སྨྲ་བར་འགྱུར། 23 མི་ཡིས་ཁྱེད་ཀྱི་བཙུན་མོ་ཐམས་ཅད་དང་ཁྱེད་ཀྱི་བུ་ཕྲུག་དག་ནི་ཀལ་དི་པའི་རྩར་འཁྲིད་ཅིང་། ཁྱེད་ཀྱང་དེ་དག་གི་ལག་ནས་ཐར་བར་མི་འགྱུར་ལ། པཱ་པེལ་ལོན་གྱི་རྒྱལ་པོའི་ལག་པས་འཛིན་པར་མ་ཟད་གྲོང་ཁྱེར་འདི་ཡང་མེས་བསྲེག་པར་འགྱུར་ཞེས་སྨྲས་སོ། ། 24 དེ་ནས་ཚིད་ཀི་ཡཱ་ཡིས་ཡེ་རེམ་ཡཱ་ལ་འདི་ལྟར། གཏམ་འདི་རྣམས་སུ་ལའང་ཤེས་སུ་མ་འཇུག་དང་དེ་ནས་ཁྱེད་མི་འཆིའོ། ། 25 འགོ་དཔོན་རྣམས་ཀྱིས་ངས་ཁྱེད་ལ་གཏམ་སྨྲས་པ་ཐོས་ན་ཁྱེད་ཀྱི་རྩར་ཡོང་ནས་ཁྱེད་ལ་ན་རེ། ངེད་རྣམས་ལ་ཤོད་ཅིག ཁྱེད་ཀྱིས་རྒྱལ་པོར་ཅི་གསུངས་པ་ཡིན་ནམ། ཡང་རྒྱལ་པོས་ཁྱེད་ལ་ཅི་གསུངས་བྱུང་ངམ། ངེད་རྣམས་ལ་མ་སྦས་མ་གསང་ཞིག དེ་མིན་ངེད་ཅག་གིས་ཁྱེད་གསོད་པར་འགྱུར་ཞེས་ཟེར་བར་འགྱུར་ཞིང་། 26 ཁྱེད་ཀྱིས་དེ་དག་ལ་འདི་ལྟར། ང་རང་ཡོ་ནཱ་ཐན་གྱི་ཁང་པར་མི་འཆི་བའི་ཕྱིར་དུ། ངས་རྒྱལ་པོའི་དྲུང་དུ་ང་རང་ཕྱིར་དེ་རུ་མི་བསྐྱལ་བའི་རེ་བ་ཞུས་པ་ཙམ་ཡིན་ཞེས་ལན་ཐོབས་ཤིག་ཅེས་བསྐུལ་ཏོ། ། 27 ཕྱིས་སུ་འགོ་དཔོན་རྣམས་ཡེ་རེམ་ཡཱའི་གམ་དུ་འོངས་ནས་ཁོང་ལ་དྲིས་པ་ན། ཁོང་གིས་རྒྱལ་པོས་རང་ཉིད་ལ་བསྒོས་པ་ཇི་བཞིན་ལན་བཏབ་པས། དེ་དག་གིས་ཁོ་ལ་ཡང་བསྐྱར་མ་དྲིས་སོ། །ཅི་ལ་ཞེ་ན། རྒྱལ་པོ་དང་ཁོང་གཉིས་བར་གྱི་གསང་བ་ཕྱི་ལ་མ་ཤོར་བའོ། ། 28 དེ་ནས་ཡེ་རུ་སཱ་ལེམ་བཙན་གྱིས་བླངས་པའི་ཉིན་མོའི་བར་དུ། ཡེ་རེམ་ཡཱ་ནི་སྔར་བཞིན་སྐུ་སྲུང་པའི་ཁྱམས་རར་བསྡད་པའོ། །ཡང་ཡེ་རུ་སཱ་ལེམ་ནི་འདི་ལྟར་བླངས་པ་སྟེ།
<- ཡེ་རེམ་ཡཱ། 37ཡེ་རེམ་ཡཱ། 39 ->
ཡེ་རེམ་ཡཱ།