Link to home pageLanguagesLink to all Bible versions on this site
ལེའུ་བཅུ་བདུན་པ།
ཡ་ཧུ་དཱའི་སྡིག་པ་དང་ཉེས་ཆད།
1 ཡ་ཧུ་དཱའི་སྡིག་ཉེས་ནི་ལྕགས་སྨྱུག་དང་རྡོ་རྗེའི་རྩེ་མོས་བཀོད་པ་སྟེ། ཁོ་ཚོའི་སེམས་ནང་དང་མཆོད་ཁྲིའི་ཟུར་དུ་བརྐོས་ཡོད། 2 དེ་དག་གི་བུ་ཕྲུག་རྣམས་ཀྱིས་ཀྱང་རི་མཐོན་པོ་རྣམས་ཀྱི་སྟེང་དང་སྔོ་ལྗང་གི་ལྗོན་ཤིང་འགྲམ་གྱི་མཆོད་ཁྲི་དང་ལྷ་མོ་ཨ་ཤེ་རཱའི་སྐུ་བརྙན་རྣམས་ཡིད་ལ་བཟུང་ཡོད། 3 ཀྱེ་ངའི་ཐང་ལ་ཡོད་པའི་རི་བོ། ཁྱོད་ཀྱིས་མངའ་འོག་གི་ཡུལ་གྲུ་ཀུན་ཏུ་བྱས་པའི་སྡིག་པ་ཡི་རྐྱེན་གྱིས། བདག་གིས་ཁྱོད་ཀྱི་རྒྱུ་ནོར་དང་རིན་པོ་ཆེ་ཐམས་ཅད་དང་། ཁྱོད་ཀྱི་མཐོ་གླིང་བཅས་པ་བཅོམ་ནོར་ལྟར་དགྲ་བོ་རྣམས་ལ་སྤྲོད་པར་བྱའོ། ། 4 ཁྱོད་རང་གི་སྤྱོད་པའི་རྐྱེན་གྱིས་ངས་ཁྱོད་ལ་གནང་བའི་ནོར་སྐལ་ནི་འཆོར་བར་འགྱུར་ལ། ཡང་བདག་གིས་ཁྱོད་ལ་རྒྱུས་མི་མངའ་བའི་ཡུལ་དུ་རང་གི་དགྲ་བོར་གཡོག་བྱེད་དུ་འཇུག་གོ །ཅི་ལ་ཞེ་ན། ཁྱོད་རྣམས་ཀྱིས་ངའི་ཁོང་ཁྲོ་མེ་ལྟར་འབར་དུ་བཅུག་ཅིང་དེ་ནི་ཇི་སྲིད་བར་དུ་འབར་ངེས་ཡིན་ཞེས་གསུངས་སོ། ། 5 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་ཡི་སྟོབས་ཤུགས་ལ་བརྟེན་པ་དང་སེམས་ནས་དཀོན་མཆོག་ཡ་ཝཱེ་དང་འབྲལ་བའི་མི་ལ་དམོད་མོ་ཐེབས་འོས་སོ། ། 6 དེ་ནི་བྱེ་ཐང་གི་སྡོང་ཕྲན་དང་འདྲ་ཞིང་། བྱིན་རླབས་དང་དགའ་སྤྲོ་མི་མཐོང་བར་དབེན་སྟོང་གི་སྐམ་ས་དང་མི་མེད་པའི་ཡུལ་བ་ཚྭ་ཅན་དུ་གནས་པར་འགྱུར་མོད། 7 འོན་ཀྱང་དཀོན་མཆོག་ཡ་ཝཱེ་ལ་བློ་གཏོད་པ་དང་། ཁོང་ཉིད་རང་གི་བརྟེན་ས་བྱེད་པའི་མི་དེ་ནི་བདེའོ། ། 8 དེ་ནི་ཆུ་འགྲམ་དུ་བཙུགས་པའི་ལྗོན་ཤིང་ཞིག་དང་འདྲ་བར་ཆུ་ནང་དུ་རྩ་བ་རྒྱས་པ་དང་། ཚ་བ་སླེབས་ཀྱང་འཇིགས་སྣང་མེད་ལ་ལོ་འདབ་རྒྱས་ཤིང་། ཐན་པ་འབྱུང་བའི་ལོ་ལའང་སེམས་ཁྲལ་མེད་པར་སྔར་བཞིན་འབྲས་བུ་བསྐྱེད་དོ། ། 9 མི་སེམས་ནི་ཐམས་ཅད་ལས་གཡོ་སྒྱུ་ཆེ་ཞིང་བཅོས་ཐབས་མེད་ལ། སུ་ཞིག་གིས་དེ་རྟོགས་ནུས་སམ། 10 ཡ་ཝཱེ་བདག་ནི་མིའི་སེམས་ལ་ལྟ་ཞིབ་དང་ཚོད་བརྟག་བྱེད་མཁན་ཡིན་ཏེ། མི་ཀུན་ལ་རང་རང་གི་བྱ་སྤྱོད་དང་ཅི་བྱས་ལ་འོས་པའི་འབྲས་བུ་བཞིན་དུ་ལན་འཇལ་བར་བྱ། 11 འཁྱོག་པོའི་ལམ་ནས་རྒྱུ་ནོར་ཐོབ་པ་དེ་ནི། སྲེག་པས་རང་གིས་བཏང་བ་མ་ཡིན་པའི་སྒོ་ང་རུམ་པ་བཞིན་ཡིན་ལ། དར་མའི་དུས་སུ་རྒྱུ་ནོར་ཁོ་དང་བྲལ་ནས་མཐར་ཁོ་རང་བླུན་པོ་རུ་འགྱུར་རོ། ། 12 རང་ཅག་གི་གནས་དམ་པ་ནི་གཟི་བརྗིད་ལྡན་པའི་བཞུགས་ཁྲི་ཡིན་ལ་གནའ་སྔ་མོ་ནས་མཐོ་སར་བཞག་ཡོད། 13 ཀྱེ་ཡེས་ར་ཨེལ་གྱི་རེ་བ་ཡ་ཝཱེ་ལགས། ཁྱེད་འདོར་བ་ཐམས་ཅད་ངོ་ཚ་བར་འགྱུར། ཁྱེད་དང་འབྲལ་བ་ཐམས་ཅད་ཀྱི་མིང་ནི་ས་སྟེང་ཏུ་འགོད་པར་འགྱུར། ཅི་ལ་ཞེ་ན། དེ་དག་གིས་ཚེ་སྲོག་དང་ལྡན་པའི་ཆུ་མིག་སྟེ་དཀོན་མཆོག་ཡ་ཝཱེ་སྤངས་པའི་ཕྱིར་རོ། ། 14 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ནི་ངས་བསྟོད་བསྔགས་བརྗོད་ས་དེ་ཉིད་ཡིན་པས། ཁྱེད་ཀྱིས་ངའི་ནད་གསོ་བར་མཛོད་དང་ང་རང་སོས་པར་འགྱུར། ང་རང་སྐྱོབ་དང་ཐར་བར་འགྱུར། 15 གཟིགས་དང་། དེ་དག་གིས་ང་ལ་དཀོན་མཆོག་ཡ་ཝཱེའི་བཀའ་ནི་གང་དུ་བཞུགས་སམ། བཀའ་དེ་ད་ལྟ་འགྲུབ་པར་མཛོད་ཅིག་ཅེས་སྨྲས་ཀྱང་། 16 ང་རང་ཁྱེད་ཀྱི་རྗེས་སུ་འབྲངས་ནས་རྫི་བོ་བྱེད་པ་ལ་མ་བྱོལ་ཏེ། ཆག་སྒོ་འབྱུང་བའི་དུས་དེར་རེ་སྨོན་མ་བྱས་པ་ཁྱེད་ཀྱིས་མཁྱེན་ནོ། །ཡང་ངའི་སྨྲ་སྒོ་ལས་གང་ཞིག་ཐོན་པ་དེ་ཁྱེད་ཀྱི་ཞལ་ངོར་གསལ་པོ་ཡིན། 17 ཁྱེད་ཀྱི་དབང་གིས་ང་རང་འཇིགས་པར་མ་མཛད་ཅིག བར་ཆད་འབྱུང་དུས་ཁྱེད་ནི་ང་ཡི་སྐྱབས་བཅོལ་ས་ཡིན། 18 ང་ལ་གནོད་སྐྱེལ་མཁན་དེ་དག་ངོ་ཚར་སྦྱོར་བ་ལས་ང་རང་ངོ་ཚ་བར་མི་མཛད་རོགས། དེ་རྣམས་འཇིགས་པར་མཛད་པ་ལས་ང་རང་འཇིགས་པར་མ་མཛོད་ཅིག ཆག་སྒོའི་ཉིན་མོ་དེ་དག་གི་སྟེང་དུ་བབས་ནས། ལྡབ་འགྱུར་གྱིས་དེ་རྣམས་མེད་པར་བཟོས་ཤིག
ངལ་གསོ་བའི་ཉིན་སྲུང་བ།
19 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་སོང་ལ་ཡ་ཧུ་དཱའི་རྒྱལ་པོ་རྣམས་འགྲོ་འོང་བྱེད་ས་སྟེ་ངའི་མི་རྣམས་ཀྱི་རྒྱ་སྒོ་དང་། ཡེ་རུ་སཱ་ལེམ་གྱི་མཁར་སྒོ་རེ་རེར་ལངས་བསྡད་ནས་ཁོ་རྣམས་ལ། 20 མཁར་སྒོ་འདི་རུ་འཛུལ་བའི་ཡ་ཧུ་དཱའི་རྒྱལ་པོ་རྣམས་དང་ཡ་ཧུ་དཱའི་མི་རྣམས་དང་། ཡེ་རུ་སཱ་ལེམ་གྱི་ཡུལ་མི་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག 21 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་སྲོག་འཚོ་བའི་ཕྱིར་གཟབ་གཟབ་གྱིས་ཤིག ངལ་གསོ་བའི་ཉིན་མོར་ཁུར་པོ་ཁུར་ནས་ཡེ་རུ་སཱ་ལེམ་གྱི་མཁར་སྒོ་ནང་དུ་མ་འཛུལ་ཞིག 22 ངལ་གསོ་བའི་ཉིན་མོར་རང་གི་ཁྱིམ་ནས་ཁུར་པོ་ཁུར་ནས་མ་འགྲོ་ཞིག ལས་ཀ་ཅི་ཡང་མི་བྱེད་པར་ངས་ཁྱོད་ཚོའི་མེས་པོ་རྣམས་ལ་བསྒོས་པའི་བཀའ་བཞིན་དུ་ངལ་གསོ་བའི་ཉིན་མོ་ནི་དམ་པར་སྲུངས་ཤིག་ཅེས་སྨྲ་བར་གྱིས་ཞེས་གསུངས་ནའང་། 23 དེ་དག་གིས་མ་མཉན་ལ་རྣ་བའང་མ་གཏད་དེ། སེམས་རྒྱུད་གྱོང་པོ་བྱས་ནས་མ་མཉན་ལ་བཀའ་སློབ་དང་ལེན་མི་བྱེད་དོ། ། 24 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་སེམས་བསམ་པས་ང་ལ་ཉན་ཞིང་། ངལ་གསོ་བའི་ཉིན་མོར་ཁུར་པོ་ཁུར་ནས་མཁར་སྒོ་ནང་དུ་མི་འཛུལ་བར་ངལ་གསོ་བའི་ཉིན་མོ་དམ་པར་བསྲུངས་ཏེ། ཉིན་མོ་དེར་ལས་ཀ་ཅི་ཡང་མ་བྱས་ན། 25 དེ་ནས་དཱ་བིད་ཀྱི་རྒྱལ་ཁྲིར་བཞུགས་པའི་རྒྱལ་པོ་རྣམས་དང་འགོ་དཔོན་རྣམས་ནི་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་དང་མཉམ་དུ། ཤིང་རྟ་དང་ཆིབས་པར་བཅིབས་ནས་མཁར་སྒོ་རུ་འཛུལ་འོང་ཞིང་། གྲོང་ཁྱེར་འདི་ནི་གཏན་དུ་ལུས་པར་འགྱུར་རོ། ། 26 ཡང་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་ཡེ་རུ་སཱ་ལེམ་གྱི་ཉེ་འཁོར་དང་། པེན་ཡཱ་མེན་གྱི་ཡུལ། རི་ཀླུང་། རི་ཁུལ། ནེ་གུབ་ཡུལ་བཅས་ནས་མི་རྣམས་ཀྱིས་སྦྱིན་སྲེག་གི་མཆོད་པ་དང་། དམར་མཆོད། འབྲུ་རིགས་ཀྱི་མཆོད་པ། སྤོས་དཀར། གཏང་རག་གི་མཆོད་པ་བཅས་ཁྱེར་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འགྲོ་བར་འགྱུར། 27 ཇི་སྟེ་ཁྱོད་ཚོས་ང་ལ་མི་མཉན་ཞིང་ངལ་གསོ་བའི་ཉིན་མོ་དམ་པར་མི་བསྲུང་བར། ད་དུང་ངལ་གསོ་བའི་ཉིན་ལ་ཁུར་པོ་ཁུར་ནས་ཡེ་རུ་སཱ་ལེམ་གྱི་མཁར་སྒོར་ཞུགས་ན། དེ་ནས་བདག་གིས་མཁར་སྒོ་སོ་སོར་མེ་སྦར་ཞིང་། མེ་དེས་ཡེ་རུ་སཱ་ལེམ་གྱི་ཕོ་བྲང་རྣམས་ཁྱུར་མིད་གཏོང་ཞིང་གསོད་མི་ཐུབ་བོ་ཞེས་གསུངས་སོ། །

<- ཡེ་རེམ་ཡཱ། 16ཡེ་རེམ་ཡཱ། 18 ->
  • ཡེ་རེམ་ཡཱ།