7 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ངེད་རྣམས་ཀྱིས་ཐེངས་མང་པོར་ངོ་ལོག་བྱས་ཏེ་ཁྱེད་དང་འགལ་བའི་སྡིག་པ་བསགས་པས། ངེད་ཅག་གི་སྡིག་པས་ངེད་རྣམས་ལ་ར་སྤྲོད་བྱེད་ནའང་། ཁྱེད་ཀྱིས་ཉིད་ཀྱི་མཚན་གྱི་དོན་དུ་ད་དུང་འཕྲིན་ལས་མཛོད་ཅིག 8 ཀྱེ་ཡེས་ར་ཨེལ་གྱི་རེ་བ་བཅོལ་ས་དང་དཀའ་སྡུག་ལ་འཕྲད་དུས་སྐྱབས་སུ་འགྲོ་ས་ལགས། ཁྱེད་ནི་ཡུལ་ཁམས་འདིར་བྱེས་སུ་སྡོད་པའི་མི་དང་མཚུངས་ཤིང་། ཡང་ན་ཞག་གཅིག་ལ་མ་གཏོགས་མི་འདུག་པའི་མགྲོན་པོ་ཞིག་དང་འདྲ་བ་ཅི་ཡིན་ནམ། 9 ཁྱེད་ནི་ཧོན་འཐོར་བའི་མི་ཞིག་གམ། ཡང་ན་མི་སྐྱོབ་པར་མི་ནུས་པའི་དཔའ་བོ་ཞིག་དང་འདྲ་བ་ཅི་ཡིན་ནམ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ནི་སྔར་བཞིན་ངེད་ཅག་གི་དཀྱིལ་དུ་བཞུགས་ཤིང་། ངེད་རྣམས་ནི་ཁྱེད་ཀྱི་མཚན་ལ་གཏོགས་པའི་མི་ཡིན་པས། ཁྱེད་ཀྱིས་ངེད་རྣམས་འདོར་བར་མི་མཛད་རོགས། 10 དཀོན་མཆོག་ཡ་ཝཱེས་མི་འདི་རྣམས་ལ་འདི་སྐད་དུ། མི་འདི་དག་ནི་གང་སར་འཁྱམ་པ་ལ་དགའ་ཞིང་རང་གི་གོམ་སྟབས་ལ་ཚོད་མ་བཟུང་བའི་རྐྱེན་གྱིས། དཀོན་མཆོག་ཡ་ཝཱེས་དེ་རྣམས་དང་ལེན་མི་བྱེད་པར། ད་ལྟ་ཁོང་གིས་དེ་ཚོའི་སྡིག་ཉེས་རྣམས་དྲན་ཞིང་། དེ་དག་གི་སྡིག་པའི་ཕྱིར་དུ་ཉེས་ཆད་གཅོད་དོ་ཞེས་གསུངས་སོ། ། 11 ཡང་དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། མི་འདི་དག་ལ་བྱིན་རླབས་འཐོབ་པའི་ཕྱིར་ཞུ་བ་མ་བྱེད་ཅིག 12 དེ་དག་གིས་སྨྱུང་གནས་སྲུང་དུས་ངས་ཁོ་ཚོའི་ཞུ་བར་མི་མཉན་ལ། སྦྱིན་སྲེག་གི་མཆོད་པ་དང་འབྲུ་རིགས་ཀྱི་མཆོད་པ་འབུལ་དུས་ངས་དང་ལེན་མི་བྱེད་པར། ངས་དེ་དག་རལ་གྲི་དང་མུ་གེ རིམས་ནད་བཅས་ཀྱིས་མེད་པར་བྱའོ་ཞེས་གསུངས་སོ། ། 13 དེ་ནས་ངས་འདི་ལྟར། ཀྱེ་གཙོ་བོ་ཡ་ཝཱེ་ལགས། གཟིགས་དང་། ལུང་སྟོན་པ་རྣམས་ཀྱིས་ནམ་རྒྱུན་དེ་རྣམས་ལ། ཁྱོད་ཅག་གིས་རལ་གྲི་མཐོང་བར་མི་འགྱུར། མུ་གེའང་འབྱུང་བར་མི་འགྱུར། དཀོན་མཆོག་ཡ་ཝཱེས་ཡུལ་ཁམས་འདི་ནས་ཁྱོད་རྣམས་ལ་དུས་གཏན་གྱི་ཞི་བདེ་གནང་བར་འགྱུར་ཞེས་སྨྲས་སོ་ཞུས་པ་ལ། 14 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ལུང་སྟོན་པ་དེ་རྣམས་ཀྱིས་ངའི་མིང་གཡར་ནས་རྫུན་གྱི་ལུང་སྟོན་པ་དང་། ངས་དེ་དག་མ་མངགས་ལ་ཁོ་ཚོར་བཀའ་ཡང་མ་བསྒོས། གསུང་ཡང་མ་གནང་ངོ་། །དེ་དག་གིས་ཁྱོད་རྣམས་ལ་ལུང་བསྟན་པ་ནི་ཞལ་གཟིགས་རྫུས་མ་དང་མོ་དང་། སྙིང་པོ་མེད་པའི་དོན། རང་སེམས་ཀྱི་གཡོ་སྒྱུ་བཅས་ཡིན་པས། 15 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངའི་མིང་གཡར་ནས་ལུང་སྟོན་མཁན་གྱི་ལུང་སྟོན་པ་དེ་རྣམས་གླེང་ན་ངས་དེ་རྣམས་མངགས་མེད། དེ་དག་གིས་ཡུལ་འདི་ལ་རལ་གྲི་དང་མུ་གེ་མི་འབྱུང་ཟེར་ཡང། དོན་དམ་དུ་ལུང་སྟོན་པ་དེ་དག་ནི་རལ་གྲི་དང་མུ་གེས་མེད་པར་བཟོ་ངེས་ཡིན། 16 དེ་དག་གི་ལུང་བསྟན་ལ་ཉན་པའི་མི་རྣམས་ཀྱང་མུ་གེ་དང་རལ་གྲིའི་རྐྱེན་གྱིས། ཡེ་རུ་སཱ་ལེམ་གྱི་སྲང་ལམ་དུ་གཡུགས་ནས་དུར་ལ་འཇུག་མཁན་ཡང་མེད་དེ། ཁོ་རྣམས་ཀྱི་ཆུང་མ་དང་བུ་བུ་མོ་རྣམས་ཀྱང་དེ་བཞིན་ཡིན། ངས་དེ་དག་གི་ངན་པ་ནི་དེ་ཚོའི་སྟེང་དུ་བླུག་པར་འགྱུར། 17 ཁྱོད་ཀྱིས་དེ་རྣམས་ལ་འདི་ལྟར། ངའི་མི་རྣམས་ལ་གནོད་པ་ཚབས་ཆེན་ཐེབས་ཏེ་རྨ་ཁ་རབ་ཏུ་ཆེ་བས། ངའི་མིག་ནས་ཉིན་མཚན་མེད་པར་མཆི་མ་བཞུར་བར་གྱུར་ཅིག 18 གལ་ཏེ་ང་རང་ཞིང་ཁར་ཕྱིན་ན། ལྟོས་དང་། དེ་རུ་རལ་གྲིས་བསད་པ་རྣམས་མཐོང་ཞིང་། གལ་ཏེ་ང་རང་གྲོང་ཁྱེར་དུ་ཕྱིན་ན། ལྟོས་དང་། དེར་མུ་གེ་ལས་བྱུང་བའི་ནད་པ་རྣམས་འདུག ལུང་སྟོན་པ་དང་མཆོད་དཔོན་རྣམས་ཀྱང་ཡུལ་རྒྱུས་མེད་ཅིག་ལ་འགྲིམས་པ་ལས། ཅི་བྱེད་དགོས་མི་ཤེས་ཞེས་སྨྲོས་ཤིག་གསུངས་སོ། །