ལེའུ་བཞི་པ།
དི་བོ་རཱ་དང་པཱ་རག
1 ཨེ་ཧུད་ཚེ་ལས་འདས་རྗེས་ཡེས་ར་ཨེལ་པ་རྣམས་ཀྱིས་ཡང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་པས། 2 དཀོན་མཆོག་ཡ་ཝཱེས་དེ་དག་ཧ་ཟོར་ཡུལ་དུ་སྲིད་སྐྱོང་མཁན་ཀ་ན་ཨན་གྱི་རྒྱལ་པོ་ཡཱ་བིན་གྱི་ལག་ཏུ་སྤྲད་ཅིང་། དེའི་དམག་དཔོན་ནི་སི་སེ་རཱ་ཡིན་ཞིང་ཕྱི་ཕྱོགས་པའི་ཡུལ་ཧ་རོ་ཤེད་ཅེས་པར་གནས་སོ། ། 3 རྒྱལ་པོ་ཡཱ་བིན་ལ་ལྕགས་ཀྱི་ཤིང་རྟ་དགུ་བརྒྱ་ཡོད་ཅིང་། ཁོས་བགྲང་བྱ་ཉི་ཤུའི་རིང་ལ་ཡེས་ར་ཨེལ་པ་རྣམས་ལ་མནར་གཅོད་དྲག་པོ་བཏང་བས། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འོ་དོད་བོས་སོ། ། 4 བུད་མེད་ལུང་སྟོན་པ་ཞིག་ཡོད་པའི་མིང་ལ་དི་བོ་རཱ་ཞེས་བྱ་ཞིང་ལབ་པི་དོད་ཀྱི་ཆུང་མ་ཡིན་ལ། དུས་དེར་ཡེས་ར་ཨེལ་གྱི་ཁྲིམས་དཔོན་ལགས་སོ། ། 5 ཁོ་མོ་ནི་ཨེ་ཕཱར་ཡིམ་རི་ཁུལ་གྱི་རཱ་མ་དང་པེད་ཨེལ་གྱི་བར་དུ་དི་བོ་རཱའི་ཁ་སུར་ཤིང་ཏ་ལའི་འོག་ཏུ་གནས་པ་དང་། ཡེས་ར་ཨེལ་པ་ཐམས་ཅད་ཁོ་མོའི་རྩར་ཁྲིམས་གཅོད་ལ་མཉན་དུ་གཅར་བའོ། ། 6 ཁོ་མོས་མི་མངགས་ཏེ་ནཱབ་ཐ་ལི་ཞེས་པའི་ཀེ་དེ་སི་ནས་ཨ་བི་ནོ་ཨམ་གྱི་བུ་པཱ་རག་བོས་ཡོང་ཞིང་འདི་ལྟར་སྨྲས་པ་སྟེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ལ་འདི་སྐད་དུ། ནཱབ་ཐ་ལི་པ་དང་ཟེ་བུ་ལུན་པ་མི་ཆིག་ཁྲི་ཁྲིད་ནས་ཐ་པོར་རི་ལ་སོང་དང་། 7 བདག་གིས་ཡཱ་བིན་གྱི་དམག་དཔོན་སི་སེ་རཱ་ཁོའི་ཤིང་རྟ་རྣམས་དང་དམག་མི་ཡོངས་རྫོགས་ཁྲིད་ནས་ཁི་ཤོན་གཙང་པོའི་འགྲམ་དུ་ཁྱོད་རང་ཡོད་སར་ཡོང་དུ་འཇུག་པ་དང་། ཁོ་རང་ཁྱོད་ཀྱི་ལག་ཏུ་སྤྲོད་པར་བྱ་ཞེས་བཀའ་གནང་ངོ་ཞེས་པ་ལ། 8 པཱ་རག་ན་རེ། གལ་ཏེ་ཁྱེད་རང་བདག་དང་མཉམ་དུ་འགྲོ་ན་ང་རང་འགྲོ་བར་བྱ། ཁྱེད་རང་མི་འགྲོ་ན་ང་ཡང་མི་འགྲོ་ཞེས་སྨྲས་སོ། ། 9 དི་བོ་རཱ་ཡིས་ལན་དུ། བདག་ནི་ཁྱོད་དང་ལྷན་ཅིག་ཏུ་འགྲོ་བར་བྱེད་མོད། འོན་ཀྱང་དཀོན་མཆོག་ཡ་ཝཱེས་སི་སེ་རཱ་ནི་བུད་མེད་ཅིག་གི་ལག་ཏུ་སྤྲོད་པར་འགྱུར་བས། ཁྱོད་རང་འགྲུལ་བའི་ལམ་དུ་ཁྱོད་ལ་མཚན་སྙན་འཐོབ་པར་མི་འགྱུར་ཞེས་སྨྲས་ཤིང་། དེ་ནས་དི་བོ་རཱ་ཡར་ལངས་ཏེ་པཱ་རག་དང་མཉམ་དུ་ཀེ་དེ་སི་རུ་ཕྱིན་པ་རེད། 10 དེ་ནས་པཱ་རག་གིས་ཟེ་བུ་ལུན་པ་དང་ནཱབ་ཐ་ལི་པ་རྣམས་ཀེ་དེ་སི་རུ་བསྡུས་པ་དང་། མི་ཆིག་ཁྲི་ཁོའི་རྗེས་སུ་འབྲངས་ནས་སོང་ཞིང་། དི་བོ་རཱ་ཡང་ཁོ་དང་ལྷན་ཅིག་ཏུ་ཕྱིན་ཏོ། ། 11 མོ་ཤེའི་སྒྱུག་པོ་*འདིར་སྒྱུག་པོ་ཞེས་པ་འགྱུར་ལ་ལར་ཆུང་མའི་གཅེན་པོ་ཞེས་མཐོང་།ཧོ་པཱབ་ཀྱི་བུ་རྒྱུད་དེ། ཀེ་ནེ་པ་ཧེ་བེར་ཞེས་བྱ་བ་སྔར་ཀེ་ནེ་པ་གཞན་རྣམས་དང་བྲལ་ནས། ཀེ་དེ་སི་དང་ཉེ་བའི་ཚ་ཨ་ནན་ནིམ་གྱི་བེ་ཤིང་གི་འགྲམ་དུ་གུར་ཕུབ་པའོ། ། 12 དེ་དག་གིས་སི་སེ་རཱ་ལ། ཨ་བི་ནོ་ཨམ་གྱི་བུ་པཱ་རག་ནི་ཡར་ཐ་པོར་རི་ལ་ཕྱིན་ཏོ་ཞེས་སྨྲས་པ་ན། 13 སི་སེ་རཱ་ཡིས་ལྕགས་ཀྱི་ཤིང་རྟ་དགུ་བརྒྱ་བོ་ཡོད་ཚད་དང་ཁོའི་རྗེས་སུ་འབྲང་བའི་དམག་མི་ཡོངས་རྫོགས་བསྡུས་པ་དང་། ཕྱི་ཕྱོགས་པའི་ཡུལ་ཧ་རོ་ཤེད་ནས་ཕྱིར་བུད་དེ་ཁི་ཤོན་གཙང་པོར་སླེབས། 14 དི་བོ་རཱ་ཡིས་པཱ་རག་ལ་འདི་ལྟར་སྨྲས་པ་སྟེ། ཁྱོད་ལོངས་ཤིག འདི་ནི་དཀོན་མཆོག་ཡ་ཝཱེས་སི་སེ་རཱ་ཁྱོད་ཀྱི་ལག་ཏུ་སྤྲོད་པའི་ཉིན་མོ་ཡིན་པས། དཀོན་མཆོག་ཡ་ཝཱེ་ནི་ཁྱོད་ཀྱི་སྔོན་དུ་ཕེབས་པ་མ་ཡིན་ནམ་ཞེས་པ་ལ། པཱ་རག་ཐ་པོར་རི་ལས་མར་བབས་ཤིང་མི་ཆིག་ཁྲི་ཁོའི་རྗེས་སུ་འབྲངས་སོ། ། 15 དཀོན་མཆོག་ཡ་ཝཱེས་སི་སེ་རཱ་དང་ཁོའི་ལྕགས་ཀྱི་ཤིང་རྟ་དང་དམག་མི་ཡོངས་རྫོགས་འཇིགས་པར་མཛད་པ་དང་། དེ་རྣམས་པཱ་རག་གི་མདུན་དུ་རལ་གྲིའི་འོག་ནས་འགྱེལ་ཞིང་། སི་སེ་རཱ་འཁོར་ལོ་ལས་བབས་ཏེ་རྐང་ཐང་ལ་བྲོས་བྱོལ་བྱས་པ་ན། 16 པཱ་རག་ནི་ཤིང་རྟ་རྣམས་དང་དམག་དཔུང་གི་ར་མདར་བརྒྱུགས་ནས་ཕྱི་ཕྱོགས་པའི་ཡུལ་ཧ་རོ་ཤེད་ཀྱི་བར་དུ་སླེབས་ཤིང་། སི་སེ་རཱ་ཡི་དམག་མི་ཡོངས་རྫོགས་གྲི་ཁ་ནས་འགྱེལ་ཏེ་གཅིག་ཀྱང་མ་ལུས་སོ། ། 17 སི་སེ་རཱ་ཁོ་ན་རྐང་ཐང་ལ་བྲོས་ནས་ཀེ་ནེ་པ་ཧེ་བེར་གྱི་ཆུང་མ་ཡ་ཨེལ་ཞེས་བྱ་བའི་གུར་དུ་སླེབས་པ་སྟེ། ཅི་ལ་ཞེ་ན། ཧ་ཟོར་གྱི་རྒྱལ་པོ་ཡཱ་བིན་དང་ཀེ་ནེ་པ་ཧེ་བེར་གྱི་ཁྱིམ་གཉིས་འགྲིག་མཐུན་ཡིན་པས་སོ། ། 18 ཡ་ཨེལ་ཕྱི་རུ་ཐོན་ནས་སི་སེ་རཱ་ལ་བསུ་བ་བྱས་ཏེ་ན་རེ། ང་ཡི་བདག་པོ། འཇིགས་སྣང་མེད་པར་ནང་དུ་ཕེབས་ཤོག་ཅེས་སྨྲས་པ་ལ། སི་སེ་རཱ་ཁོ་མོའི་གུར་གྱི་ནང་དུ་སོང་ཞིང་ཡ་ཨེལ་གྱིས་ཁོ་རང་ཉལ་ཐུལ་གྱིས་བཀབ། 19 སི་སེ་རཱ་ཡིས་ཡ་ཨེལ་ལ། ང་ལ་སྐོམ་པ་བྱུང་བས་ཆུ་ཉུང་ཙམ་གནང་རོགས་ཞེས་ཞུས་པ་ལ། ཡ་ཨེལ་གྱིས་འོ་རྐྱལ་གྱི་ཁ་ཕྱེས་ཏེ་ཁོ་ལ་འོ་མ་བླུགས་ཤིང་། སྔར་བཞིན་ཁོ་རང་བཀབ་ནས་བཞག 20 ཡང་སི་སེ་རཱ་ཡིས་ཡ་ཨེལ་ལ། ཁྱེད་རང་གུར་གྱི་སྒོ་ཁར་ལངས་བསྡད་དེ་སུ་ཞིག་ཡོང་ནས་ཁྱེད་ལ་འདིར་མི་ཡོད་མེད་དྲིས་ན། ཁྱེད་ཀྱིས་མེད་ཅེས་སྨྲོས་ཤིག་ཅེས་སྨྲས་སོ། ། 21 དེར་སི་སེ་རཱ་ཐང་ཆད་ནས་གཉིད་སྟུག་པོ་ཁུག་ཅིང་། ཧེ་བེར་གྱི་ཆུང་མ་ཡ་ཨེལ་གྱིས་གུར་གྱི་ཕུར་བ་བླངས་ནས་ལག་ལ་ཐོ་བ་ཐོགས་ཏེ། ཁུ་སིམ་མེར་ཁོའི་རྩར་ཕྱིན་ནས་ཕུར་པ་དེ་ཁོའི་ཟ་འགྲམ་ལ་བརྡབས་ཤིང་ས་ནང་དུ་ཐུག དེ་ནས་སི་སེ་རཱ་ཤིའོ། ། 22 ལྟོས་དང་། པཱ་རག་ནི་སི་སེ་རཱ་ཡི་ར་མདར་རྒྱུག་པའི་དུས་སུ། ཡ་ཨེལ་ཕྱི་རུ་ཐོན་ནས་ཁོ་ལ་བསུ་བ་བྱས་ཏེ་ན་རེ། ཤོག་དང་བདག་གིས་ཁྱེད་ཀྱིས་འཚོལ་བའི་མི་དེ་ཁྱེད་ལ་སྟོན་པར་བྱ་ཞེས་སྨྲས་པ་ལ། ཁོ་རང་གུར་གྱི་ནང་དུ་ཕྱིན་ཅིང་། ལྟོས་དང་། སི་སེ་རཱ་ཤི་ནས་སར་འགྱེལ་བ་དང་ཕུར་པ་ད་དུང་ཁོའི་ཟ་འགྲམ་དུ་ཡོད་པ་མཐོང་ངོ་། ། 23 ཉིན་མོ་དེར་དཀོན་མཆོག་གིས་ཀ་ན་ཨན་གྱི་རྒྱལ་པོ་ཡཱ་བིན་ནི་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་དུ་འདུལ་བར་མཛད་དོ། ། 24 དུས་དེ་ནས་བཟུང་ཡེས་ར་ཨེལ་པ་རྣམས་སྟོབས་ཤུགས་རྒྱས་པར་གྱུར་ཅིང་། ཀ་ན་ཨན་གྱི་རྒྱལ་པོ་ཡཱ་བིན་རྩ་མེད་དུ་འགྲོ་བའི་བར་དུ་དེ་ལས་རྒྱལ་བའོ། །
<- ཁྲིམས་དཔོན། 3ཁྲིམས་དཔོན། 5 ->
ཁྲིམས་དཔོན།
-
འདིར་སྒྱུག་པོ་ཞེས་པ་འགྱུར་ལ་ལར་ཆུང་མའི་གཅེན་པོ་ཞེས་མཐོང་།