4 ཁོང་གིས་རང་ཅག་གི་ན་ཚ་ཉིད་ཀྱི་སྟེང་དུ་བླངས་ཤིང་། རང་ཅག་གི་སྡུག་བསྔལ་ཁུར་དུ་བཞེས། འོན་ཀྱང་རང་ཅག་གིས་ཁོང་ལ་ཉེས་རྡུང་ཐེབས་ཤིང་། དཀོན་མཆོག་གིས་བརྡེགས་ནས་སྡུག་ལ་སྦྱར་བར་འདོད། 5 ཡིན་ཡང་ང་ཚོའི་ཉེས་པའི་ཕྱིར་དུ་ཁོང་ལ་རྨ་ཁ་བཏོད་ཅིང་། ང་ཚོའི་སྡིག་པའི་ཕྱིར་དུ་མནན་ཞིང་རྨས། ཁོང་གིས་ཉེས་ཆད་བཞེས་པས་ང་ཚོར་ཞི་བདེ་ཐོབ། ཁོང་གིས་གཅར་རྡུང་མྱངས་པས་ང་ཚོ་དྲག་པར་གྱུར། 6 ང་ཚོ་ཚང་མ་ལམ་བོར་བའི་ལུག་བཞིན་རང་རང་གི་ལམ་དུ་ཞུགས། ཡིན་ཡང་དཀོན་མཆོག་ཡ་ཝཱེས་ང་ཚོའི་སྡིག་པ་ཐམས་ཅད་ཁོང་གི་སྟེང་ལ་བཀལ། 7 ཁོང་ལ་མནར་གཅོད་ཐེབས་ཤིང་སྡུག་བསྔལ་མྱོང་དུས་སྐད་མ་བཏོན། ཁོང་ནི་ཤན་པའི་མདུན་དུ་ཁྲིད་པའི་ལུ་གུ་དང་། བལ་འབྲེག་མཁན་མདུན་གྱི་གྲགས་འགུལ་མེད་པའི་ལུག་ཇི་བཞིན། ཁོང་གིས་ཀྱང་ཞལ་གསུང་མ་གནང་། 8 ཁོང་འཛིན་བཟུང་བྱས་ནས་ཁྲིམས་ཐག་བཅད་རྗེས་ཁྲིད་པར་གྱུར། ཁོང་གི་དུས་རབས་དེའི་མི་ཡིས་ཁོང་གསོན་ཡུལ་ལས་ཚར་དུ་བཅད་ཅིང་། རྡུང་རྡེག་བཏང་བ་ང་ཡི་མི་སྡེའི་སྡིག་པའི་ཕྱིར་ཡིན་པ་སུ་ཡིས་ཤེས། 9 ཁོང་གིས་དྲག་སྤྱོད་མ་སྤེལ་ཞིང་ཞལ་ནས་གཡོ་སྒྱུ་ཅི་ཡང་མེད་ནའང་། མི་ཡིས་ཁོང་ཉིད་སྡིག་ཅན་མཉམ་དུ་དུར་ལ་སྦས་ཤིང་། སྐུ་གཤེགས་དུས་ཕྱུག་བདག་དང་མཉམ་དུ་དུར་ལ་སྦས།
10 ཁོང་ལ་མནར་གཅོད་ཐེབས་ཤིང་སྡུག་བསྔལ་མྱོང་བ་ནི་དཀོན་མཆོག་ཡ་ཝཱེའི་ཐུགས་དགོངས་ཡིན་ཞིང་། དཀོན་མཆོག་ཡ་ཝཱེས་ཁོང་གི་ཚེ་སྲོག་སྡིག་བཤགས་མཆོད་པར་ཕུལ་ན། ཁོང་གིས་རང་གི་བུ་རྒྱུད་གཟིགས་ཤིང་སྐུ་ཚེ་རིང་བར་འགྱུར། དཀོན་མཆོག་ཡ་ཝཱེ་ཐུགས་དགྱེས་པའི་དོན་ཐམས་ཅད་ཁོང་གི་ཕྱག་ནས་འགྲུབ་པར་འགྱུར། 11 ཁོང་གིས་ཚེ་སྲོག་གི་སྡུག་བསྔལ་མྱངས་རྗེས་འོད་གཟིགས་ཤིང་ཡིད་ཚིམ་པར་འགྱུར། བདག་གི་ཞབས་ཕྱི་ཡིས་ཁོང་གི་ཤེས་ཡོན་ལ་བརྟེན་ནས་མི་མང་པོ་དྲང་བདེན་དུ་བརྩི་ཐུབ་པར་མཛད་ཅིང་། ཡང་ཁོང་གིས་དེ་རྣམས་ཀྱི་ཉེས་པ་འཁུར་བར་འགྱུར། 12 དེ་བས་བདག་གིས་ཁོང་ལ་མི་རླབས་ཆེན་མཉམ་དུ་ནོར་སྐལ་ཐོབ་ཏུ་འཇུག་ཅིང་། སྟོབས་ཆེན་རྣམས་དང་ལྷན་དུ་བཅོམ་ནོར་བགོ་བར་བྱ། ཅིའི་ཕྱིར་ཞེ་ན། ཁོང་གིས་རང་གི་ཚེ་སྲོག་འཆི་བའི་ཕྱོགས་སུ་ལྡུག་ཅིང་། ཉེས་ཅན་དུ་བརྩིས་ཀྱང་མི་མང་པོའི་སྡིག་པ་ཁུར་དུ་བཞེས། ཡང་ཉེས་ཅན་རྣམས་ཀྱི་ཕྱིར་དུ་གསོལ་བ་བཏབ་པའོ། །
<- ཡེ་ཤ་ཡཱ། 52ཡེ་ཤ་ཡཱ། 54 ->