3 ཀྱེ་ཡ་ཀོབ་ཀྱི་ཁྱིམ་རྒྱུད་དང་ཡེས་ར་ཨེལ་གྱི་ལྷག་ལུས་ཐམས་ཅད། ཁྱོད་རྣམས་ཀྱིས་བདག་ལ་ཉོན་ཅིག ཁྱོད་རྣམས་མངལ་ལས་ཐོན་མ་ཐག་བདག་གིས་པང་དུ་བཟུང་ཞིང་། མངལ་ལས་སྐྱེས་མ་ཐག་བདག་གིས་ཁུར་བ་ཡིན། 4 ཁྱོད་ལོ་ན་བགྲེས་དུས་ཀྱང་བདག་གིས་དེ་ལྟར་བྱ་སྟེ། སྐྲ་དཀར་པོར་གྱུར་ཡང་ངས་ཁྱོད་པང་དུ་འཛིན་པ་སྟེ། ངས་ཁྱོད་བཀོད་ཅིང་རྗེས་སུ་ཁྱོད་རང་འཁུར་ངེས་ཡིན། བདག་གིས་ཁྱོད་འཛིན་ཞིང་སྐྱོབ་པར་བྱའོ། ། 5 ཁྱོད་ཅག་གིས་ང་སུ་དང་བསྡུར་རམ། ང་དང་འདྲ་བ་སུ་ཡོད་དམ། ང་དང་དོ་མཉམ་པའི་ཕྱིར་སུ་ཞིག་བདག་དང་བསྡུར་རམ། 6 ཁུག་མའི་ནང་ནས་གསེར་མང་པོ་ལེན་ཞིང་། དངུལ་རྒྱ་མར་ཚད་པའི་མི་དེ་དག་གིས་གསེར་མགར་གླས་ནས་ལྷ་སྐུ་བཞེང་བ་དང་། དེ་ནས་ལྷ་སྐུ་རྣམས་ལ་པུས་མོ་བཙུགས་ཏེ་ཕྱག་འཚལ་བ་ཡིན། 7 དེ་ཚོས་སྐུ་འདྲ་གཉའ་བར་བཏེགས་ནས་ཁྱེར་ཏེ་རང་གནས་སུ་བཞག་པས་འགྲེང་དུ་བཅུག དེ་རང་ས་ནས་མི་འགུལ་ཞིང་། མི་ཡིས་དེར་ཞུས་ཀྱང་ཨ་ལན་འདེབས་པའི་ནུས་པ་མེད་ལ། དེས་མི་རྣམས་དཀའ་ཁག་ལས་ཀྱང་སྐྱོབ་མི་ཐུབ་བོ། །
8 ཁྱོད་རྣམས་ཀྱིས་དོན་དེ་ཡིད་ལ་བཟུང་ནས་བརྟན་པོར་གནས་ཤིག སྡིག་སྤྱོད་ཁྱོད་རྣམས་ཀྱིས་དེ་ལ་བསམ་བློ་ཞིབ་མོ་ཐོངས་ཤིག 9 ང་ནི་དཀོན་མཆོག་ཡིན་ལ་ང་ལས་དཀོན་མཆོག་གཞན་མེད་པས། གནའ་དུས་ཀྱི་དོན་རྣམས་ཁྱོད་ཅག་གིས་དྲན་པར་གྱིས། བདག་ནི་དཀོན་མཆོག་སྟེ། བདག་དང་འདྲ་བ་སུ་ཡང་མེད། 10 བདག་གིས་ཐོག་མའི་དུས་ནས་མཐའ་མའི་དོན་རྣམས་བསྒྲགས་ཤིང་། གནའ་བོའི་དུས་ནས་མ་བྱས་དོན་རྣམས་བརྗོད་དེ། བདག་གི་བསམ་དོན་ཐམས་ཅད་འགྲུབ་ཅིང་། ང་རང་དགའ་བའི་དོན་རྣམས་འགྲུབ་པར་འགྱུར་ཞེས་སྨྲས་སོ། ། 11 བདག་གིས་ཐག་རིང་ཡུལ་ནས་ངའི་བསམ་དོན་བསྒྲུབ་པའི་མི་ཞིག་ཤར་ཕྱོགས་ནས་བྱ་རྒོད་བཞིན་བོས་ཤིང་། བདག་གིས་སྨྲས་པ་དེ་དག་མངོན་པར་འགྱུར་བ་སྟེ། བདག་གིས་འཆར་གཞི་བཀོད་པ་དེ་དག་བྱེད་ངེས་ཡིན། 12 དྲང་བདེན་ལ་རྒྱང་ཐག་རིང་བའི་བློ་རེངས་པོ་ཁྱོད་ཚོས་བདག་ལ་ཉོན། 13 ངས་རང་གི་དྲང་བདེན་ཉེ་བར་དྲངས་ཏེ་རྒྱང་རིང་མི་གཏོང་སྟེ། བདག་གི་ཐར་པ་ལ་འགོར་འགྱང་མེད་དོ། །བདག་གིས་ཛ་ཡན་གྱི་ནང་དུ་ཐར་པ་གནང་ཞིང་། ཡེས་ར་ཨེལ་ལ་ངའི་གཟི་བརྗིད་སྩོལ་བར་བྱའོ། །
<- ཡེ་ཤ་ཡཱ། 45ཡེ་ཤ་ཡཱ། 47 ->