5 ནམ་མཁའི་དབྱིངས་རྣམས་བཀོད་ཅིང་ཨ་སྔོན་དབྱིངས་རྣམས་རྐྱོང་མཁན་གྱིས་ས་གཞི་དང་དེའི་སྟེང་གི་ཐམས་ཅད་བཏིངས་པ་དང་། ས་གཞི་སྟེང་གི་མི་རྣམས་ལ་དབུགས་བསྩལ་ཞིང་། ས་གཞིའི་སྟེང་དུ་སྐྱོད་པའི་མི་རྣམས་ལ་སེམས་ཉིད་གནང་མཁན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། 6 བདག་ནི་ཡ་ཝཱེ་ཡིན་ཞིང་ངས་ཁྱོད་དྲང་བདེན་ངང་ནས་བོས་པ་སྟེ། བདག་གིས་ཁྱོད་ཀྱི་ལག་པར་དམ་པོར་འཇུས་ནས་ཁྱོད་རང་བསྲུང་བ་དང་། ཁྱོད་ནི་མི་རྣམས་ཀྱི་ཞལ་ཆད་དང་། ཕྱི་ཕྱོགས་པ་རྣམས་ཀྱི་འོད་དུ་བྱས་ནས། 7 ལོང་པ་རྣམས་ཀྱི་མིག་འབྱེད་ཅིང་བཙོན་པ་རྣམས་བཙོན་ཁང་ནས་ཕྱི་རུ་འཁྲིད་པ་དང་། སྨག་རུམ་ཁྲོད་དུ་གནས་པ་རྣམས་བཙོན་ལས་སྒྲོལ་བའི་ཕྱིར་ཡིན་ནོ། ། 8 བདག་ནི་ཡ་ཝཱེ་སྟེ། འདི་ངའི་མིང་ཡིན། བདག་གིས་རང་གི་གཟི་བརྗིད་གཞན་ལ་མི་སྟེར་ཞིང་། བདག་ལ་འོས་པའི་བསྟོད་བསྔགས་ནི་བརྐོས་བརྙན་ལ་འཐོབ་པར་མི་བྱའོ། ། 9 ལྟོས་དང་། སྔར་ལུང་བསྟན་པའི་དོན་རྣམས་འགྲུབ་པར་གྱུར་ཅིང་། ད་ནི་བདག་གིས་ཁྱོད་ལ་དོན་གསར་པ་རྣམས་བརྗོད་པར་བྱ་སྟེ། དེ་དག་མ་བྱུང་སྔོན་ལ་བདག་གིས་ཁྱོད་ཅག་ལ་སྨྲས་པ་ཡིན་ཞེས་གསུངས་སོ། །
14 བདག་གིས་ནི་ཡུན་རིང་པོར་ཁ་རོག་ལ་བསྡད་ཅིང་ངག་བསྡམས་ནས་རང་ཚོད་བཟུང་བ་ཡིན། ཡིན་ཡང་ད་ལྟ་བདག་གིས་ཕྲུ་གུ་བཙའ་དུས་ཀྱི་བུད་མེད་བཞིན་སྐད་སྒྲ་སྒྲོག་ཅིང་། དབུགས་འཁུན་ཞིང་ཧལ་བར་བྱ། 15 ངས་རི་བོ་དང་རི་སྒང་རྣམས་ས་རྒོད་དུ་གཏོང་ཞིང་། སྐྱེ་དངོས་ཐམས་ཅད་སྐམ་དུ་འཇུག་པ་དང་། གཙང་པོ་རྣམས་སྐམ་སར་བསྒྱུར་ཏེ། རྫིང་བུ་རྣམས་སྐམ་དུ་འཇུག་དགོས། 16 བདག་གིས་ལོང་པ་རྣམས་ཆ་རྒྱུས་མེད་པའི་ལམ་དང་། ཁོ་ཚོས་མི་ཤེས་པའི་ལམ་དུ་འཁྲིད་དགོས་ལ། ངས་དེ་དག་གི་མདུན་དུ་མུན་པ་འོད་དུ་བསྒྱུར་བ་དང་། ཀྱག་ཀྱོག་རྣམས་བདེ་བར་བཟོ་དགོས། དོན་འདི་རྣམས་བདག་གིས་བསྒྲུབ་དགོས་ཏེ་ནམ་ཡང་འདོར་བར་མི་བྱའོ། ། 17 སྐུ་འདྲ་ལ་བརྟེན་མཁན་དང་། བླུགས་སྐུ་ལ་ཁྱོད་རྣམས་ང་ཚོའི་ལྷ་ཡིན་ཟེར་མཁན་དག་ནི་ཕྱིར་སྐྲོད་པར་འགྱུར་ཞིང་། ངོ་ཚ་ཆེན་པོར་གཏོད་ངེས་ཡིན། 18 ཀྱེ་འོན་པ་རྣམས། ཁྱོད་ཚོས་ཉོན་དང་། ཀྱེ་ལོང་པ་རྣམས། ཁྱོད་ཅག་གིས་གཟབ་གཟབ་བྱས་ནས་ལྟོས་ཤིག དེ་ནས་མཐོང་བར་འགྱུར་རོ། ། 19 བདག་གི་ཞབས་ཕྱི་ལས་ཀྱང་ལྷག་པའི་ལོང་པ་སུ་ཞིག་ཡོད་དམ། བདག་གིས་མངགས་པའི་ཕོ་ཉ་ལས་ཀྱང་ལྷག་པའི་འོན་པ་སུ་ཞིག་ཡོད་དམ། བདག་དང་ཞི་ཆིངས་བཞག་པ་ལྟ་བུའི་ལོང་པ་སུ་ཞིག་ཡོད་དམ། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་ལྟ་བུའི་ལོང་པ་སུ་ཞིག་ཡོད་དམ། 20 ཁྱོད་ཀྱིས་དོན་མང་པོ་མཐོང་ཡང་དེར་དོ་སྣང་མ་བྱས་ལ། རྣ་བ་ཕྱེས་ཀྱང་ཐོས་པར་མ་གྱུར། 21 དཀོན་མཆོག་ཡ་ཝཱེ་ནི་ཉིད་ཀྱི་དྲང་བདེན་དབང་གིས། བཀའ་ཁྲིམས་ཆེན་པོ་དང་གཟི་བརྗིད་ཅན་དུ་བརྩི་བར་དགྱེས། 22 ཡིན་ཡང་འབངས་འདི་དག་ནི་ཕྲོགས་ནས་བཅོམ་པ་སྟེ། ཐམས་ཅད་ས་དོང་དག་ཏུ་བཅུག་ཅིང་། བཙོན་ཁང་དག་ལ་སྦས་པ་དང་། ཁོ་ཚོར་འཕྲོག་བཅོམ་ཐེབས་ཀྱང་སྐྱོབ་མཁན་མེད། བཅོམ་ནོར་དུ་གྱུར་ཡང་ཕྱིར་སྤྲོད་ཤོག་ཅེས་ཟེར་མཁན་གཅིག་ཀྱང་མེད་དོ། །
23 ཁྱོད་ཚོའི་ཁྲོད་དུ་འདི་ལ་རྣ་བ་གཏད་ནས་ཉན་མཁན་སུ་ཡོད་དམ། སུ་ཞིག་གིས་ད་ནས་བཟུང་གཟབ་གཟབ་བྱས་ནས་མཉན་པར་བྱའམ། 24 སུ་ཞིག་གིས་ཡ་ཀོབ་འཕྲོག་མཁན་གྱི་ལག་ཏུ་གཏད་པ་ཡིན་ནམ། སུ་ཞིག་གིས་ཡེས་ར་ཨེལ་བཅོམ་མཁན་གྱི་ལག་ཏུ་གཏད་པ་ཡིན་ནམ། དེ་ནི་ངེད་ཅག་གིས་ཕོག་ཐུག་བཏང་བའི་དཀོན་མཆོག་ཡ་ཝཱེ་མ་ཡིན་ནམ། དེ་ཚོ་ནི་ཁོང་གི་ལམ་དུ་འགྲོ་བར་མ་དགའ་ལ། ཁོང་གི་བཀའ་ཁྲིམས་ཀྱང་མ་བརྩིས་སོ། ། 25 དེ་བས་ཁོང་གིས་ཉིད་ཀྱི་ཐུགས་ཁྲོ་དྲག་པོ་དང་དམག་འཁྲུག་ཆེན་པོ་དེ་ཚོའི་སྟེང་དུ་བླུགས་ཤིང་། དེ་ཚོའི་ཕྱོགས་ཀུན་ནས་མེ་བཞིན་འབར་ནའང་ཁོ་ཚོས་མ་ཤེས་ཏེ། ཁོ་རྣམས་བསྲེགས་ཀྱང་ཁོ་ཚོས་ཡིད་ལ་མ་བཟུང་ངོ་། །
<- ཡེ་ཤ་ཡཱ། 41ཡེ་ཤ་ཡཱ། 43 ->