ལེའུ་སོ་གཅིག་པ།
ཨེ་ཅིབ་སྐྱབས་སུ་བསྟེན་པའི་མི་རྣམས་ལ་ཆག་སྒོ་འབྱུང་།
1 ཨེ་ཅིབ་ཡུལ་དུ་མར་སོང་ནས་སྐྱབས་ཞུས་ཏེ། རྟ་དང་ཤིང་རྟ་མང་པོར་བརྟེན་ཞིང་། སྐྱ་དམག་སྟོབས་ཆེན་རྣམས་ལ་བརྟེན་པ་ལས་ཡེས་ར་ཨེལ་གྱི་དམ་པ་ཉིད་ལ་རེ་བར་མི་བྱ་སྟེ། དཀོན་མཆོག་ཡ་ཝཱེར་སྐྱབས་ཀྱང་མི་ཞུ་བ་རྣམས་ལ་ཆག་སྒོ་འབྱུང་། 2 དཀོན་མཆོག་ཡ་ཝཱེ་ལ་ཤེས་རབ་མངའ་བས་ཁོང་གིས་ཆག་སྒོ་འབེབ་པ་ལས་ཉིད་ཀྱི་བཀའ་གསུང་ཕྱིར་མི་ཟློག་ཅིང་། ངན་པའི་ཁྱིམ་དང་གཞན་རྣམས་སྡིག་ཉེས་ལ་འཇུག་མཁན་དག་ལ་རྒོལ་དུ་ཁོང་ཉིད་ཡར་བཞེང་བར་འགྱུར། 3 ཨེ་ཅིབ་པ་རྣམས་མི་ཡིན་པ་ལས་དཀོན་མཆོག་ནི་མ་ཡིན། དེ་དག་གི་རྟ་རྣམས་ཤ་ཁྲག་གི་ཕུང་བོ་ཡིན་པ་ལས་ཐུགས་ཉིད་ནི་མ་ཡིན། དཀོན་མཆོག་ཡ་ཝཱེས་ཕྱག་བརྐྱངས་པ་ཙམ་གྱིས་མི་སྐྱོབ་མཁན་རྣམས་འགྱེལ་ཞིང་། སྐྱབས་ཐོབ་མཁན་རྣམས་ཀྱང་སར་ལྷུང་ནས་མཉམ་གཅིག་ཏུ་མེད་པར་འགྱུར། 4 དཀོན་མཆོག་ཡ་ཝཱེས་བདག་ལ་འདི་སྐད་དུ། རི་དྭགས་རྒྱལ་པོ་དང་སེང་དར་གྱིས་རྔོན་ཤ་ཟིན་པས་ངར་སྐད་སྒྲོག་ཅིང་། ལུག་རྫི་མང་པོ་རང་ལ་རྒོལ་བར་བསྡུས་ཀྱང་། དེ་དག་ཁོ་ཚོའི་སྐད་སྒྲ་ལ་མི་འཇིགས་ཤིང་། ཁོ་ཚོའི་ཅ་ཅོའི་རྐྱེན་གྱིས་འཇབ་པར་ཡང་མི་འགྱུར་བ་བཞིན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཡང་མར་རི་བོ་ཛ་ཡན་དང་དེའི་རི་སྒང་ཀུན་ལ་བྱོན་ནས་འཐབ་པར་འགྱུར་ཞེས་གསུངས། 5 བྱིའུ་དག་གིས་གཤོག་པ་བརྡབས་ནས་རང་གི་བྱ་ཕྲུག་སྲུང་བ་བཞིན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཀྱང་ཡེ་རུ་སཱ་ལེམ་བསྲུང་བར་འགྱུར། ཁོང་གིས་བསྲུང་ཞིང་སྐྱོབ་པ་དང་དེའི་སྟེང་ནས་བརྒལ་ཏེ་སྐྱོབ་པར་བྱའོ་ཞེས་གསུངས་སོ། །ཡེ་ཤ་ཡཱ།
6 ཀྱེ་ཡེས་ར་ཨེལ་པ་རྣམས། ཁྱོད་རྣམས་ཕྱིར་ལོག་ཅིག ཁྱོད་ཚོས་རྩ་བ་ནས་དོར་བའི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ཕྱིར་ལོག་པར་གྱུར་ཅིག 7 ཉིན་མོ་དེ་ལ་མི་རེ་རེས་རང་གི་ལག་པས་བཟོས་པ་དང་། རང་ཉིད་སྡིག་པར་སྦྱར་བའི་གསེར་སྐུ་དང་དངུལ་སྐུ་རྣམས་འདོར་ངེས་ཡིན་ནོ། །
8 སྐབས་དེར་ཨ་སུར་པ་རྣམས་མི་ཡི་མིན་པའི་རལ་གྲིའི་འོག་ཏུ་འགྱེལ་བར་འགྱུར་ཞིང་། ཡང་མི་ཡི་མིན་པའི་རལ་གྲིས་ཁོ་རྣམས་ཁྱུར་མིད་གཏོང་བ་དང་། ཁོ་ཚོ་རལ་གྲིའི་ཁ་ནས་ཐར་བར་མི་འགྱུར་ལ། དེ་དག་གི་གཞོན་སྐྱེས་ཚོས་སྡུག་ལས་བྱེད་དགོས། 9 ཁོ་ཚོའི་བྲག་རྡོ་ནི་དངངས་སྐྲག་གིས་འགྱེལ་བར་འགྱུར་ཞིང་། ཁོ་ཚོའི་འགོ་དཔོན་རྣམས་ཀྱིས་ཡེས་ར་ཨེལ་གྱི་རུ་དར་མཐོང་ནས་འདྲོག་པར་འགྱུར་ཞེས་ཛ་ཡན་དུ་མེ་དང་། ཡེ་རུ་སཱ་ལེམ་དུ་མེ་ཐབ་ཡོད་པའི་དཀོན་མཆོག་ཡ་ཝཱེས་དེ་སྐད་ཅེས་གསུངས་སོ། །
<- ཡེ་ཤ་ཡཱ། 30ཡེ་ཤ་ཡཱ། 32 ->