Link to home pageLanguagesLink to all Bible versions on this site
ལེའུ་གཉིས་པ།
དཀོན་མཆོག་གི་རི་བོ།
1 ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་སྐོར་ལ། ཨ་མོ་ཟིའི་བུ་ཡེ་ཤ་ཡཱ་ལ་བྱུང་བའི་བཀའ་ནི་འདི་ལྟ་སྟེ། 2 མཐའ་མའི་ཉིན་མོ་དག་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རི་བོ་དེ་རི་བོ་གཞན་དག་གི་རྩེ་མོར་བཞེང་ཞིང་རི་སྒང་རྣམས་ཀྱི་ཡང་སྟེང་དུ་འགྱིང་བ་དང་། མི་རིགས་ཐམས་ཅད་དེའི་ཕྱོགས་སུ་བཞུར་ངེས་ཡིན། 3 མི་མང་པོ་འོངས་ནས་ན་རེ། ཤོག་དང་། རང་ཅག་ཡར་དཀོན་མཆོག་ཡ་ཝཱེའི་རི་བོ་སྟེ། ཡ་ཀོབ་ཀྱི་དཀོན་མཆོག་གི་མཆོད་ཁང་ལ་འགྲོ་བར་བྱའོ། །ཁོང་གིས་ང་ཚོ་ལ་ཁོང་གི་ཕེབས་ལམ་སྟོན་ཞིང་ང་ཚོ་ཁོང་གི་ཕེབས་ལམ་དུ་འགྲུལ་བར་བྱ་ཞེས་སྨྲ་བར་འགྱུར། ཅི་ལ་ཞེ་ན། ཛ་ཡན་ནས་ཁོང་གི་བཀའ་ཁྲིམས་འབྱུང་ཞིང་། ཡེ་རུ་སཱ་ལེམ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་འབྱུང་ངེས་ཡིན། 4 ཁོང་གིས་མི་རིགས་རྣམས་ཀྱི་བར་ཁྲིམས་གཅོད་ཅིང་མི་རྣམས་ལ་ལེགས་ཉེས་འབྱེད་པར་འགྱུར། ཁོ་ཚོས་རང་གི་རལ་གྲི་རྣམས་ཐོང་གཤོལ་དུ་བརྡུང་ཞིང་། མདུང་རྣམས་ཟོར་བར་བརྡུངས་ཏེ། མི་རིགས་དང་མི་རིགས་བར་ལ་རལ་གྲི་མི་འཕྱར་ཞིང་། འཐབ་འཁྲུག་ཀྱང་སློབ་པར་མི་བྱ། 5 ཀྱེ་ཡ་ཀོབ་ཀྱི་ཁྱིམ་རྒྱུད། ཤོག་དང་། ང་ཚོ་དཀོན་མཆོག་ཡ་ཝཱེའི་འོད་སྣང་ཁྲོད་བསྐྱོད་པར་བྱའོ། །

6 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་རང་གི་འབངས་མི་སྟེ་ཡ་ཀོབ་ཀྱི་ཁྱིམ་རྒྱུད་རྣམས་དོར་བའི་རྒྱུ་རྐྱེན་ནི། ཁོ་ཚོར་ཕེ་ལེ་ཤེད་པ་ལྟར་ཤར་ཕྱོགས་པའི་རྨོངས་དད་དང་མོ་པས་གང་ཞིང་། ལག་པ་བརྡབས་ནས་ཕྱི་ཕྱོགས་པ་རྣམས་ལ་ཚོང་གཏམ་མོ། ། 7 དེ་དག་གི་ཡུལ་ལ་གསེར་དངུལ་གྱིས་གང་ནས་རྒྱུ་ནོར་ཟད་མཐའ་མེད་ལ། ས་གཞི་རྟ་ཡིས་ཁྱབ་ནས་ཤིང་རྟ་བགྲང་གིས་མི་ལང་བ་ཡིན། 8 དེ་དག་གི་ཡུལ་དུ་ལྷ་སྐུས་གང་ཞིང་། དེ་ཚོས་རང་གི་ལག་པས་བཟོས་པའི་ལྷ་སྐུ་རྣམས་ལ་ཕྱག་འཚལ་བ་ཡིན། 9 མི་ཐ་མལ་བ་རྣམས་ཀྱིས་ལྷ་སྐུ་ལ་མགོ་བོ་སྨད་དུ་སྒུར་ཅིང་། མི་ཆེན་རྣམས་ཀྱིས་ཀྱང་ཁེངས་སྐྱུང་བྱས་པས་དེ་རྣམས་ལ་གུ་ཡངས་མཛད་མི་རུང་། 10 དཀོན་མཆོག་ཡ་ཝཱེའི་འཇིགས་སློང་དང་ཁོང་གི་གཟི་དཔལ་བརྗིད་ཉམས་ཅན་ལ་གཡོལ་བར་བྲག་གསེབ་ལ་འཛུལ་ནས་རྡུལ་ནང་དུ་ཡིབ་པར་གྱིས་ཤིག 11 ཉིན་དེར་མིག་གི་ལྟ་སོ་མཐོ་བ་རྣམས་ལ་དམའ་འབེབ་བྱེད་ཅིང་། ང་རྒྱལ་ཅན་རྣམས་ཀྱིས་མགོ་བོ་སྨད་པ་དང་། དཀོན་མཆོག་ཡ་ཝཱེ་གཅིག་པུ་ཡར་འདེག་པར་འགྱུར་རོ། །

12 ཅི་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ང་རྒྱལ་ཅན་དང་ཁེངས་དྲེགས་ཅན། རང་རློམ་ཅན་བཅས་ཐམས་ཅད་ལ་རྒོལ་བའི་ཉིན་མོ་ཞིག་ཡོད་ལ། ཉིན་མོ་དེར་ཁོ་རྣམས་ཉམ་ཆུང་དུ་འགྱུར་བའོ། ། 13 ལེ་པཱ་ནོན་གྱི་གཟེངས་མཐོ་བའི་ཐང་ཤིང་དང་། པཱ་ཤན་གྱི་བེ་ཤིང་ཐམས་ཅད་དང་། 14 རི་བོ་མཐོན་པོ་རྣམས་དང་གྱེན་དུ་གཟེངས་པའི་རི་ཕྲན་རྣམས་དང་། 15 མཁར་མཐོན་པོ་རེ་རེ་དང་སྲ་ཞིང་བརྟན་པའི་ལྕགས་རི་རེ་རེ་དང་། 16 ཐཱར་ཞིས་ཀྱི་གྲུ་གཟིངས་ཐམས་ཅད་དང་ཡིད་དུ་འོང་བའི་གྲུ་ཡོད་ཚད་ལ་རྒོལ་བར་བྱ་ཞིང་། 17 མི་ཡི་ཁེངས་དྲེགས་ནི་ཉམ་ཆུང་དུ་འགྱུར་བ་དང་། མི་ཡི་ང་རྒྱལ་ནི་ཁེངས་སྐྱུང་དུ་མཛད་ཅིང་། ཉིན་མོ་དེར་དཀོན་མཆོག་ཡ་ཝཱེ་གཅིག་པུ་ཡར་འདེག་པར་འགྱུར། 18 སྐུ་འདྲ་རྣམས་རྩ་བ་ནས་མེད་པར་འགྱུར་རོ། ། 19 དཀོན་མཆོག་ཡ་ཝཱེ་ཡར་བཞེངས་ཏེ་ས་གཞི་དྲག་ཏུ་གཡོ་བའི་ཚེ། མི་རྣམས་ཁོང་གི་འཇིགས་སློང་དང་གཟི་དཔལ་བརྗིད་ཉམས་ཅན་ལ་གཡོལ་བར་བྲག་ཁུང་དང་སའི་བུ་ག་དག་ལ་ཡིབ་པར་འགྱུར། 20 ཉིན་མོ་དེ་ལ་མི་རྣམས་ཀྱིས་རང་གི་ཆེད་དུ་ཕྱག་བཙལ་སར་བཞེངས་པའི་གསེར་སྐུ་དང་དངུལ་སྐུ་རྣམས་བྱི་ལོང་དང་ཕ་ཝང་རྣམས་ལ་འདོར་ཞིང་། 21 དཀོན་མཆོག་ཡ་ཝཱེ་ཡར་བཞེངས་ཏེ་ས་གཞི་དྲག་ཏུ་གཡོ་བའི་ཚེ། ཁོ་རྣམས་བྲག་ཕུག་དང་ཕ་བོང་གི་སྲུབས་ལ་ཡིབས་ནས། ཁོང་གི་འཇིགས་སློང་དང་གཟི་དཔལ་བརྗིད་ཉམས་ཅན་ལ་གཡོལ་བ་ཡིན། 22 ཁྱོད་རྣམས་མི་ལ་མ་བརྟེན་ཞིག དེའི་སྣ་ཁུང་ལས་དབུགས་ཐེངས་གཅིག་ལས་མེད་དེ། ཁོ་ནི་དངོས་གནས་ཅི་ཡང་མ་ཡིན་ནོ། །

<- ཡེ་ཤ་ཡཱ། 1ཡེ་ཤ་ཡཱ། 3 ->
  • ཡེ་ཤ་ཡཱ།