6 རང་ཅག་གིས་མོ་ཨབ་ཤིན་ཏུ་ང་རྒྱལ་ཆེ་བ་ཐོས་ཤིང་། ཡང་དེའི་ཁེངས་དྲེགས་དང་ང་རྒྱལ། ཞེ་སྡང་། དེའི་འུད་བསྟོད་ཀྱི་གཏམ་དག་བཅོས་མ་ཡིན་པ་ཐོས་པར་གྱུར་པས། 7 མོ་ཨབ་པ་རྣམས་ངུ་བར་འགྱུར་ཞིང་། ཁོ་ཚོ་ལྷན་ཅིག་མོ་ཨབ་ཀྱི་ཕྱིར་དུ་ངུ་བར་འགྱུར་ཞིང་། མོ་ཨབ་པ་རྣམས་ཀིར་ཧ་རེ་ཤེད་ཀྱིས་བཤམས་པའི་རྒུན་འབྲུམ་སྐམ་པོ་ལེབ་མོའི་ཕྱིར་དུ་སྐྱོ་བར་འགྱུར། 8 གང་ལ་ཞེ་ན། ཧེ་སི་པོན་གྱི་ས་ཞིང་རྣམས་དང་སིབ་མའི་རྒུན་འབྲུམ་ཤིང་རྣམས་སྐམ་སྟེ། སྔོན་ཆད་དེའི་མཛེས་སྡུག་ལྡན་པའི་ཡལ་གས་རྒྱལ་ཁབ་ཀུན་གྱི་རྒྱལ་པོ་རྣམས་བཟི་བར་གྱུར། དེའི་ཡལ་ག་ཡཱ་ཟེར་གྱི་བར་དུ་སྐྱེས་ཏེ་དབེན་སྟོང་དུ་འཕེལ་ནས། ཕྱིར་རྒྱས་ནས་ཚྭ་མཚོ་ལས་བརྒལ་ཏོ། ། 9 དེ་བས་ཡཱ་ཟེར་པས་ངུ་འབོད་བྱེད་པ་བཞིན་ངས་ཀྱང་སིབ་མའི་རྒུན་འབྲུམ་ཤིང་གི་ཕྱིར་དུ་ངུ་འབོད་བྱེད་དེ། ཀྱེ་ཧེ་སི་པོན་དང་ཨེལ་ཨ་ལེ། ངས་མིག་ཆུས་ཁྱོད་སྦང་བར་བྱ་སྟེ། གང་ལ་ཞེ་ན། ཁྱོད་ཀྱི་དབྱར་ཁའི་ལོ་ཏོག་དང་སྟོན་ཐོག་སྡུད་དུས་ཀྱི་དགའ་སྤྲོའི་འབོད་སྒྲ་མཚམས་ཆད་དོ། ། 10 དགའ་སྤྲོ་ས་ཞིང་གཤིན་པོ་ལས་ལེན་པར་འགྱུར་ཞིང་། རྒུན་འབྲུམ་ར་བའི་ནང་གི་གླུ་སྐད་དང་དགའ་འབོད་བྱེད་པའི་སྒྲ་མི་ཐོས་ཤིང་། འཚིར་གཞོང་ལས་རྒུན་ཆང་འཚིར་མཁན་གཅིག་ཀྱང་མེད་དེ། ཅིའི་ཕྱིར་ཞེ་ན། ངས་དེ་དག་གི་དགའ་སྤྲོའི་འབོད་སྒྲ་རྣམས་མཚམས་བཅད་པ་ཡིན། 11 དེ་བས་བདག་སེམས་མོ་ཨབ་ཀྱི་ཕྱིར་དུ་སྐྱོ་ཞིང་། པི་ཝང་གི་དབྱངས་རྟ་ཇི་བཞིན་ངའི་སེམས་ཀྱིས་ཀིར་ཧེ་རེ་སིའི་ཕྱིར་དུ་སྨྲེ་སྔགས་འདོན་པ་ཡིན། 12 དུས་དེར་མོ་ཨབ་པ་ཡར་ཡོང་ནས། མཐོ་གླིང་ནས་ངལ་དུབ་ཚད་མེད་མྱངས་ཤིང་། རང་གི་གནས་དམ་པ་རུ་སོང་ནས་སྨོན་ལམ་བཏབ་ནའང་། དེའི་རེ་འདུན་ཅི་ཡང་འགྲུབ་པར་མི་བྱ་ཞེས་པའོ། ། 13 འདི་ནི་སྔོན་ཆད་དཀོན་མཆོག་ཡ་ཝཱེས་མོ་ཨབ་སྐོར་ལ་གསུངས་པའི་བཀའ་ཡིན་ནོ། ། 14 འོན་ཀྱང་ད་ལྟ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལོ་གསུམ་གྱི་ནང་སྟེ་གླ་བའི་ལོ་ཚད་བཞིན་དུ། མོ་ཨབ་ཀྱི་གཟི་བརྗིད་དང་དེའི་འབངས་འབོར་ཆེན་རྣམས་ལ་མཐོང་ཆུང་བྱེད་པར་འགྱུར་ཞིང་། ཤུལ་དུ་ལུས་པ་ཉུང་ལ་ནུས་སྟོབས་མེད་པར་འགྱུར་ཞེས་གསུངས་སོ། །
<- ཡེ་ཤ་ཡཱ། 15ཡེ་ཤ་ཡཱ། 17 ->