5 བདག་གི་ཁོང་ཁྲོའི་ལྕུག་ཕྲན་ཏེ་ཨ་སུར་ལ་ཆག་སྒོ་འབྱུང་ངོ་། །དེ་དག་གི་ལག་ཏུ་བདག་གི་ཁོང་ཁྲོའི་དབྱུག་པ་ཡོད། 6 བདག་གིས་དེ་ནི་དད་པ་མེད་པའི་རྒྱལ་ཁམས་ཤིག་དང་ང་ལ་ཁོང་ཁྲོ་སློང་བའི་མི་རྣམས་ལ་རྒོལ་བར་མངགས་ཏེ། རྒྱུ་ནོར་མང་པོ་འཕྲོག་བཅོམ་བྱེད་པ་དང་། དེ་དག་སྲང་ལམ་གྱི་འདམ་མྱགས་ལྟར་བརྫི་བར་བྱ་དགོས། 7 འོན་ཀྱང་ཨ་སུར་གྱིས་དེ་ལྟ་བུ་ཡིད་ལ་དྲན་མྱོང་མེད་ལ། སེམས་སུའང་དེ་ལྟ་བུ་བྱེད་འདོད་མེད། ཁོའི་སེམས་ཀྱི་དམིགས་བྱ་ནི་མི་རིགས་མང་པོ་རྩ་མེད་གཏོང་རྒྱུ་དེ་ཡིན། 8 ཅི་ལ་ཞེ་ན། ཁོའི་སེམས་སུ་ངའི་ལག་འོག་གི་དམག་དཔོན་ཐམས་ཅད་ནི་རྒྱལ་པོ་མ་ཡིན་ནམ། 9 ཀལ་ནོ་ནི་ཀར་ཀེ་མི་སི་དང་མི་འདྲའམ། ཧ་མཱད་ནི་ཨར་ཕད་དང་མི་འདྲའམ། སཱ་མར་ཡ་ནི་དཱ་མེ་སེག་དང་མི་འདྲའམ། 10 བདག་གི་ལག་པ་ནི་ལྷ་སྐུ་ཡིས་ཁེངས་པའི་རྒྱལ་ཁམས་དག་ལ་བརྐྱངས་པ་དང་། དེ་དག་གིས་བརྐོས་པའི་ལྷ་སྐུ་ནི་ཡེ་རུ་སཱ་ལེམ་དང་སཱ་མར་ཡ་ལས་ཀྱང་མང་ངོ་། ། 11 བདག་གིས་སཱ་མར་ཡའི་ལྷ་སྐུ་རྣམས་ལ་ཅི་ལྟར་བྱས་པ་ཡིན་ན། ཡེ་རུ་སཱ་ལེམ་དང་དེའི་ལྷ་སྐུ་རྣམས་ལའང་དེ་ལྟར་བྱེད་པ་མ་ཡིན་ནམ་ཞེས་སྨྲ་བའོ། ། 12 གཙོ་བོས་རི་བོ་ཛ་ཡན་དང་ཡེ་རུ་སཱ་ལེམ་དུ་ཉིད་ཀྱི་ཕྱག་ལས་རྣམས་བསྒྲུབས་ཟིན་པའི་ཚེ། ཁོང་གིས་འདི་སྐད་དུ། བདག་གིས་ཨ་སུར་རྒྱལ་པོའི་ང་རྒྱལ་གྱི་སེམས་ནས་སྨིན་པའི་འབྲས་བུ་དང་ཁེངས་དྲེགས་ཀྱི་མིག་མདངས་ལ་ཆད་པ་གཅོད་པར་བྱ་ཞེས་གསུང་ངེས་ཏེ། 13 ཅི་ལ་ཞེ་ན། ཁོས་འདི་ལྟར་སྨྲས་ཡོད་དེ། བདག་ལ་བློ་གྲོས་ལྡན་པས་ངས་རང་གི་ལག་པའི་ནུས་མཐུ་དང་རང་གི་ཤེས་རབ་ལ་བརྟེན་ནས་འདི་ལྟར་བྱས་པ་ཡིན། མི་རིགས་མང་པོའི་ས་མཚམས་སྤར་ཅིང་ཁོ་རྣམས་ཀྱིས་བསགས་པའི་རྒྱུ་ནོར་ཕྲོགས་པ་དང་། ང་རང་ནི་དཔའ་རྒོད་ཅིག་དང་འདྲ་བར་དེ་དག་གི་ཡུལ་མི་རྣམས་མར་ཕབ་པ་ཡིན་ལ། 14 བདག་གི་ལག་པ་ནི་བྱ་ཚང་ཟིན་པ་ལྟར་མི་རིགས་རྣམས་ཀྱི་རྒྱུ་ནོར་ལ་བསྲིངས་པ་དང་། མི་ཡིས་གཞན་གྱིས་དོར་བའི་སྒོ་ང་མང་པོ་འཐུ་བ་བཞིན་ངས་ས་གཞི་ཡོངས་སུ་བླངས་ནའང་། ང་ལ་གཤོག་པ་བརྐྱང་མཁན་དང་ཁ་གདང་མཁན་མེད་ལ། ཀྱུར་སྒྲ་ཙམ་འབྱིན་མཁན་ཡང་མ་བྱུང་ངོ་། །
15 སྟ་རེས་ཤིང་གཅོད་མཁན་ལ་རང་བསྟོད་བྱེད་དམ། ཤིང་གཤག་མཁན་གྱི་མདུན་དུ་སོག་ལེ་ཡིས་རང་གི་མགོ་བོ་དགྱེ་དགྱེ་བྱེད་དམ། ལྕུག་ཕྲན་འཕྱར་མཁན་དེ་ལྕུག་ཕྲན་གྱིས་འཕྱར་ནུས་སམ། དབྱུག་པས་ནི་ཤིང་མིན་པ་ཞིག་གཡུག་ཐུབ་བམ། 16 དེ་བས་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་ཨ་སུར་རྒྱལ་པོའི་དམག་མི་གཟུགས་སྟོབས་ཅན་རྣམས་ཀྱི་ཁྲོད་དུ་ཉམས་རྒུད་ཀྱི་ནད་ཡམས་གཏོང་ཞིང་། ཁོང་གི་གཟི་དཔལ་མེ་ལྟར་འབར་ནས་མཆེད་པར་བྱ་སྟེ། 17 ཡེས་ར་ཨེལ་གྱི་འོད་ནི་མེ་དང་། དེ་དག་གི་དམ་པ་ཉིད་མེ་ལྕེ་རུ་གྱུར་ནས་ཨ་སུར་རྒྱལ་པོའི་ཚེར་སྡོང་དང་ཚེར་མ་རྣམས་ཉིན་གཅིག་ལ་བསྲེགས་ནས་ཁྱུར་མིད་གཏོང་ངོ་། ། 18 ཡང་ཁོའི་ནགས་ཚལ་དང་ས་ཞིང་གཤིན་པོའི་གཟི་དཔལ་རྩ་ནས་མེད་པར་བཟོ་ཞིང་། མི་ཞིག་ན་ཚས་གཟིར་བ་དང་འདྲ་བར་རྣམ་ཤེས་དང་ཕུང་པོ་གཉིས་སར་ཟགས་ནས། 19 ཁོའི་ནགས་ཚལ་ལས་བྱིས་པས་ཀྱང་གྲངས་ཀ་ལེན་ཐུབ་པའི་སྡོང་པོ་ཁ་ཤས་ལས་ལུས་པར་མི་འགྱུར་རོ། །
24 དེའི་ཕྱིར་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀྱེ་བདག་གི་འབངས་མི་ཛ་ཡན་དུ་གནས་པ་རྣམས། ཨ་སུར་པས་ཁྱོད་རྣམས་ལ་ལྕུག་ཕྲན་གྱིས་རྡེག་ཅིང་། ཨེ་ཅིབ་པ་ནང་བཞིན་དབྱུག་པ་བཏེགས་ནས་ཁྱོད་ཚོར་བརྡུངས་ནའང་དེ་རྣམས་ལ་སྐྲག་མི་དགོས། 25 ཅི་ལ་ཞེ་ན། བདག་གིས་ཁྱོད་ཅག་ལ་བཅངས་པའི་ཁོང་ཁྲོ་ནི་དུས་ཡུན་ཐུང་ངུའི་ནང་ཞི་བར་འགྱུར་ཞིང་། ངའི་ཁོང་ཁྲོ་ནི་ཁོ་ཚོའི་ཕྱོགས་སུ་འཁོར་ནས་དེ་ཚོ་མེད་པར་གཏོང་བའོ་ཞེས་གསུངས་སོ། ། 26 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཨོ་རེབ་ཀྱི་བྲག་ཁ་ནས་མིད་ཡཱན་པ་རྣམས་བསད་པ་ནང་བཞིན་ལྕག་ཚན་གྱིས་ཁོ་རྣམས་ལ་གཞུ་ཞིང་། ཁོང་གིས་ཨེ་ཅིབ་པ་ལ་ཅི་བྱས་པ་ལྟར། ཉིད་ཀྱི་དབྱུག་པ་རྒྱ་མཚོའི་ཕྱོགས་སུ་འཕྱར་རོ། ། 27 ཉིན་མོ་དེར་ཨ་སུར་པའི་ཁུར་པོ་ལྗིད་མོ་ཁྱོད་ཅག་གི་ཕྲག་སྟེང་ནས་ཡལ་ཞིང་། དེ་དག་གི་གཉའ་ཤིང་ཁྱོད་རྣམས་ཀྱི་སྐེ་ནས་ཆག་པར་འགྱུར། ཁྱོད་ལ་ཤེད་ཤུགས་རྒྱས་པའི་རྐྱེན་གྱིས་གཉའ་ཤིང་དེ་ཆག་པར་འགྱུར་རོ། ། 28 ཨ་སུར་པ་རྣམས་ཨ་ཡད་ལ་སླེབས་ཤིང་མག་རོན་བརྒྱུད་ནས་སོང་བ་དང་། མིགས་མཱ་སི་ལ་དམག་དཔུང་གི་དངོས་པོ་རྣམས་བཞག 29 ཁོ་ཚོ་ཕར་ཕྱོགས་སུ་བསྐྱོད་དེ་གེ་བཱ་ཡུལ་དུ་ཞག་སྡོད་བྱས་པ་དང་། རཱ་མ་པ་རྣམས་སྐྲག་ཅིང་སོ་ལོ་ཡི་གི་བེ་ཨ་རྣམས་བྲོས། 30 ཀྱེ་གཱལ་ལིམ་གྱི་ཡུལ་མི་རྣམས་སྐད་ཆེན་པོ་རྒྱོབས་ཤིག ཀྱེ་ལཱ་ཤུ་ཨ་དང་ཉམ་ང་བའི་ཨ་ན་ཐོད་ཀྱིས་རྣ་བ་གཏད་ནས་ཉོན་ཅིག 31 མད་མེ་ནཱ་བྲོས་བྱོལ་ཕྱིན་པ་དང་། གེ་བིམ་གྱི་ཡུལ་མི་རྣམས་སྐྱབས་བཅོལ་ལ་བུད། 32 དེ་རིང་ཉིན་མོར་ཨ་སུར་རྒྱལ་པོ་ནོབ་ནས་ལངས་བསྡད་དེ། ཁོས་ཛ་ཡན་བུ་མོའི་རི་བོ་སྟེ་ཡེ་རུ་སཱ་ལེམ་གྱི་རི་བོར་ཁུ་ཚུར་འཕྱར་རོ། ། 33 ལྟོས་དང་། དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་འཇིགས་སུ་རུང་བའི་འུར་སྒྲ་དང་བཅས་ཤིང་གི་ཡལ་ག་རྣམས་གཅོད་ཅིང་། གྱེན་དུ་གཟེངས་པའི་ཤིང་རྣམས་གཅོད་པ་དང་མཐོ་ཞིང་ཆེ་བ་རྣམས་མར་ཕབ་ངེས་ཡིན། 34 ཁོང་གིས་ནགས་སྟུག་པོ་རྣམས་སྟ་རེས་གཅོད་ཅིང་། མཐུ་སྟོབས་ཆེན་པོའི་བདག་ཉིད་ཀྱིས་ལེ་པཱ་ནོན་འགྱེལ་བར་བྱའོ། །
<- ཡེ་ཤ་ཡཱ། 9ཡེ་ཤ་ཡཱ། 11 ->