Link to home pageLanguagesLink to all Bible versions on this site

༄༅།།ལུང་སྟོན་པ་ཡེ་ཤ་ཡཱའི་མདོ།
ཡེ་ཤ་ཡཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ལུང་སྟོན་པ་ཡེ་ཤ་ཡཱའི་མིང་ནས་ཐོགས་པ་དང་། གཞུང་འདི་ནི་ཡེ་ཤ་ཡཱས་དཀའ་སྡུག་གི་རླུང་འཚུབ་དྲག་པོའི་དུས་སུ་བཀོད་པ་ཡིན། སྐབས་དེ་ནི་ཨ་སུར་པའི་གོང་མའི་རྒྱལ་ཁམས་རྒྱ་བསྐྱེད་པ་དང་ཡེས་ར་ཨེལ་གྱི་རྒྱལ་སྲིད་ཉམས་རྒུད་དུ་གྱུར་པའི་དུས་སྐབས་ཀྱང་ཡིན། ཡེ་ཤ་ཡཱས་ཡ་ཧུ་དཱ་པ་རྣམས་ལ་ཁྱོད་ཅག་གི་སྡིག་པས་ཁྱོད་ཅག་པཱ་པེལ་ལོན་གྱི་ལག་ཏུ་བཙན་གྱིས་སྤྲོད་ངེས་ཞེས་ཉེན་བརྡ་བཏང་། དེ་བཞིན་སྤྱི་ལོ་སྔོན་གྱི་586ལོའི་བར་དུ་མ་གཏོགས་ཡེ་རུ་སཱ་ལེམ་གྲོང་ཁྱེར་ཉམས་མེད་ནའང་། ཡེ་ཤ་ཡཱས་ཡེ་རུ་སཱ་ལེམ་གྲོང་ཁྱེར་ཉམས་རྒུད་དུ་འགྱུར་བར་སྙམ་ནས། བཙན་ཁྲིད་བྱས་པའི་མི་རྣམས་ཕྱིར་ལོག་པའི་ལུང་བསྟན་གནང་ཡོད། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་ཡ་ཧུ་དཱ་པ་རྣམས་རང་ཡུལ་དུ་ལོག་ཆོག་པའི་བཀའ་གནང་ནས་ཁོ་ཚོར་ཐར་པ་ཐོབ། ཁོ་ཚོར་ཐར་པ་ཐོབ་པ་དེ་ནི་སྐྱབས་མགོན་ཡེ་ཤུ་བརྒྱུད་ནས་སྡིག་པ་ནས་ཐར་པ་འཐོབ་ཐུབ་པའི་དཔེ་གཞི་སྔོན་ཚུད་ནས་བསྟན་པ་རེད། ཡེ་ཤ་ཡཱ་ཞེས་པ་ནི་དཀོན་མཆོག་ཡ་ཝཱེས་གནང་བའི་ཐར་པ་ཞེས་པའི་དོན་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
ཨ་མོ་ཟིའི་བུ་ཡེ་ཤ་ཡཱ་ནི་དམ་པའི་གསུང་རབ་ཡི་གེར་འགོད་མཁན་གྱི་ལུང་སྟོན་པ་རྣམས་ཀྱི་ཁྲོད་དུ་ཆེས་སྙན་གྲགས་ཆེ་ཤོས་ཡིན་པ་དང་། ཨ་མོ་སི་དང་ཧོ་ཤེ་ཨ། མི་ཀཱ་བཅས་དང་དུས་སྐབས་གཅིག་གི་མི་ཡིན། གཞུང་འདིའི་ལེའུ་དང་པོ་ནས་ལེའུ་སོ་དགུ་བར་དུ་བཀོད་པའི་དོན་དག་ཕལ་ཆེ་བ་ཡེ་ཤ་ཡཱས་ཆོས་ཀྱི་ཕྱག་ལས་གནང་བའི་སྐབས་ཀྱི་དོན་རྣམས་ཡིན་པར་བརྟེན། དེ་དག་སྤྱི་ལོ་སྔོན་གྱི་700ལོའི་ཡས་མས་སུ་ལེགས་འགྲུབ་བྱུང་། ཡེ་ཤ་ཡཱ་ཁོང་ཉིད་མ་མཐའ་ཡང་སྤྱི་ལོ་སྔོན་གྱི་681ལོའི་བར་དུ་བཞུགས་ཡོད་པ་དང་། གཞུང་འདིའི་ལེའུ་བཞི་བཅུ་ནས་ལེའུ་རེ་དྲུག་བར་ནི་ཁོང་གི་སྐུ་ཚེ་སྨད་ཀྱི་དུས་སུ་ཡི་གེར་བཀོད་པ་ཡིན་སྲིད།
བརྗོད་སྙིང་དང་གསུང་འཕྲིན།
ཡེ་ཤ་ཡཱས་དཀོན་མཆོག་གི་ཉེས་ཆད་དང་ཐར་པའི་ལམ་ཆ་ཚང་བསྟན་ཡོད་པ་དང་། ཡེས་ར་ཨེལ་པ་དང་བཅས་པའི་དཀོན་མཆོག་ལ་དགག་པ་རྒྱག་མཁན་ཐམས་ཅད་ལ་འཇིགས་སུ་རུང་བའི་ཉེས་ཆད་གཅོད་པར་འགྱུར། དེ་ལ་ཡ་ཝཱེའི་ཉིན་མོ་ཞེས་འབོད། ས་གཞིའི་སྟེང་གི་དཀོན་མཆོག་གི་རྒྱལ་སྲིད་དང་དེའི་དྲང་བདེན་གྱི་བདག་པོ་སྐྱབས་མགོན་ཡེ་ཤུ། ཁོང་གི་གཞུང་རྒྱུད་དྲང་བའི་འབངས་མི་བཅས་ནི་ཡེ་ཤ་ཡཱའི་གཞུང་གི་བརྗོད་བྱའི་དམིགས་ཡུལ་གཙོ་བོར་བཟུང་ཡོད། བསྐྱར་དར་མཛད་པའི་ས་གཞི་དང་བསྐྱར་དར་མཛད་པའི་མི་རྣམས་དཀོན་མཆོག་གི་ཡང་དག་པའི་ཐུགས་དགོངས་དང་བསྟུན་པར་འགྱུར་བས། དེ་ཐམས་ཅད་ཀྱིས་ཡེས་ར་ཨེལ་གྱི་དམ་པ་དེ་ཉིད་ལ་བསྟོད་བསྔགས་བརྗོད་ཅིང་བཀའ་དྲིན་ཞུ་བར་འགྱུར།
འཆར་ཟིན།
1. བཀའ་བཀྱོན་དང་ཞལ་བཞེས་གནང་བའི་སྐོར། ༼1:1-6:13༽
2. ཨིམ་མཱ་ནུ་ཨེལ་ཞེས་བྱ་བ་དང་ཁོང་གི་རྒྱལ་སྲིད་ཀྱི་སྐོར། ༼7:1-12:6༽
3. རྒྱལ་ཕྲན་གཞན་དག་ལ་ཉེས་ཆད་བཅད་པའི་སྐོར། ༼13:1-23:18༽
4. ཉེས་ཆད་བཅད་པ་དང་ཞལ་བཞེས་གནང་བའི་སྐོར། ༼24:1-27:13༽
5. ཡེས་ར་ཨེལ་དང་ཨ་སུར་གཉིས་ལ་ཆག་སྒོ་ཐེངས་དྲུག་ལ་འབྱུང་བའི་སྐོར། ༼28:1-33:24༽
6. ཉེས་ཆད་བཅད་པ་དང་ཞལ་བཞེས་གནང་བའི་སྐོར། ༼34:1-35:10༽
7. ཨ་སུར་རྒྱལ་པོས་འཇིགས་སྐུལ་བྱས་པ་དང་། ཡ་ཧུ་དཱ་པ་རྣམས་པཱ་པེལ་ལོན་ཡུལ་དུ་བཙན་ཁྲིད་བྱེད་པའི་ལུང་བསྟན་གྱི་སྐོར། ༼36:1-39:8༽
8. ཡེས་ར་ཨེལ་བསྐྱབས་པ་དང་བསྐྱར་དར་མཛད་པའི་སྐོར། ༼40:1-48:22༽
9. དཀོན་མཆོག་གི་ཞབས་ཕྱི་དང་ཡེས་ར་ཨེལ་བསྐྱར་དར་མཛད་པའི་སྐོར། ༼49:1-57:21༽
10. མཐའ་མེད་པའི་ཐར་པ་དང་ཉེས་ཆད་གཅོད་པའི་སྐོར། ༼58:1-66:24༽

ལེའུ་དང་པོ།
དཀོན་མཆོག་གི་མི་ཡིས་ངོ་ལོག་བྱས་པ།
1 འདི་ནི་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་དང་ཡོ་ཐམ། ཨ་ཧ་ཟཱ། ཧི་ཟི་ཀི་ཡཱ་བཅས་བཞི་པོའི་རིང་དུ་ཨ་མོ་ཟིའི་བུ་ཡེ་ཤ་ཡཱ་ལ་བྱུང་བའི་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་སྐོར་གྱི་ཞལ་གཟིགས་ཡིན་ནོ། །

2 ཀྱེ་ནམ་མཁའི་དབྱིངས་རྣམས་ཀྱིས་ཉོན་དང་། ཀྱེ་ས་གཞི་ཡིས་དཀོན་མཆོག་ཡ་ཝཱེའི་གསུང་ལ་ཞིབ་ཏུ་ཉོན་ཅིག ཁོང་ན་རེ། བདག་གིས་ཕྲུ་གུ་རྣམས་གསོས་ཤིང་བསྐྱངས་ནའང་། དེ་དག་གིས་བདག་ལ་ངོ་ལོག་བྱས། 3 བ་གླང་གིས་རང་གི་བདག་པོ་ངོ་ཤེས་པ་དང་། བོང་བུས་རང་གི་བདག་པོའི་ཁ་ར་ངོས་ཟིན་ནའང་། ཡེས་ར་ཨེལ་གྱིས་དེ་ཙམ་ཡང་མི་རྟོགས། བདག་གི་འབངས་མིས་ང་རང་མི་ཤེས་ཞེས་གསུངས་སོ། ། 4 ཀྱེ་སྡིག་པ་ཅན་གྱི་མི་རིགས། སྡིག་ཉེས་ཚབས་ཆེ་བའི་མི་རྣམས། ངན་སྤྱོད་ཅན་གྱི་བུ་རབས་ཚ་རྒྱུད། ངན་པར་གྱུར་པའི་བུ་དང་བུ་མོ། འདི་དག་གིས་དཀོན་མཆོག་ཡ་ཝཱེ་སྤངས་ཤིང་། ཡེས་ར་ཨེལ་གྱི་དམ་པ་ཉིད་ལ་མཐོང་ཆུང་བྱས་ནས་ཡོངས་སུ་དོར། 5 ཁྱོད་ལ་ད་དུང་རྡུང་རྡེག་གཏོང་དགོས་སམ། ཁྱོད་ཀྱིས་བསྟུད་མར་ངོ་ལོག་བྱེད་དོན་ཅི། དེ་བས་ཁྱོད་ཀྱི་མགོ་ལ་རྨས་ཕོག་ནས་སྙིང་ཞུམ་པར་གྱུར་ཅིང་། 6 རྐང་མཐིལ་ནས་སྤྱི་བོའི་བར་དུ་སྐྱོན་མེད་ས་གཅིག་ཀྱང་ལུས་མེད་དེ། རྨ་ཤུལ་དང་ལྕག་ཚན་བསྣུན་ཤུལ་དང་། ཁྲག་བཞུར་བའི་རྨ་ཁ་བཅས་ཀྱིས་གང་འདུག་ལ། རྨ་ཁ་རྣམས་མ་བཙིར་མ་བསྡམས་ལ། འབྱུག་སྣུམ་གྱིས་འཇམ་པོའང་བྱས་མེད་དོ། །

7 ཁྱོད་ཀྱི་ཡུལ་ནི་དབེན་སྟོང་དུ་གྱུར་ཅིང་གྲོང་ཁྱེར་རྣམས་མེ་ཡིས་བསྲེགས། འཁྱམ་པོ་ཚོས་ཁྱོད་ཅག་གི་ཞིང་ས་རྣམས་ཁྱོད་ཅག་གི་མདུན་ནས་ཁྱུར་མིད་བཏང་ཞིང་། འཁྱམ་པོ་ཚོས་དེ་ལྟར་བཤིག་ནས་སྟོང་བར་བྱས། 8 ཛ་ཡན་གྱི་བུ་མོ་ནི་རྒུན་ཚལ་ཁྲོད་ཀྱི་སྤྱིལ་བུ་དང་ཁི་རའི་ཞིང་ཁའི་ཁང་བུ་དང་། མཐའ་བཞི་ནས་བསྐོར་བའི་གྲོང་ཁྱེར་དང་འདྲའོ། །

9 གལ་སྲིད་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་རང་ཅག་ལ་སྲོག་ཉེན་ལས་ཐར་བ་འགའ་རེ་བསྐྱུར་བ་མིན་ཚེ། རང་ཅག་ནི་སཱ་དོམ་དང་གཱ་མོ་ར་ལྟ་བུར་གྱུར་ཡོད། 10 ཀྱེ་སཱ་དོམ་གྱི་འགོ་དཔོན་ཚོ། དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག ཀྱེ་གཱ་མོ་རའི་མི་རྣམས། རང་རེའི་དཀོན་མཆོག་གི་བཀའ་སློབ་ལ་རྣ་བ་གཏོད་ཅིག 11 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གི་མཆོད་པ་རྒྱ་ཆེ་ཡང་ང་ལ་ཕན་པ་གང་ཡང་མེད། བདག་ནི་ལུག་ཐུག་གི་སྦྱིན་སྲེག་དང་། ཕྱུགས་ཤ་ཤེད་ཅན་གྱི་ཚིལ་གྱིས་ཚིམས་ཡོད་པས། བ་གླང་དང་ལུ་གུ ར་ཐུག་གི་ཁྲག་བཅས་ལ་དགའ་བ་མེད་དོ། །

12 ཁྱོད་ཅག་ངའི་མདུན་དུ་ཡོང་དུས། ངའི་ར་སྐོར་རྣམས་ལ་རྡོག་རྫིས་བཏང་བ་དེ་སུའི་འདོད་པ་ཡིན་ནམ། 13 ཕྱིན་ཆད་སྙིང་པོ་མེད་པའི་མཆོད་པ་ཁྱེར་ནས་འོང་མི་དགོས། བདུག་སྤོས་ལ་བདག་ཡི་ག་ལོག་ཡོད། ཚེས་གཅིག་དང་ངལ་གསོ་བའི་ཉིན་མོ། འདུ་འཛོམས་བཅས་ལ་བདག་སུན་སྣང་སྐྱེས། ཁྱོད་ཚོས་སྡིག་ཉེས་དང་བཅས་འདུ་འཛོམས་དམ་ནན་སྲུང་བ་ནི་བདག་གིས་བཟོད་མི་ཐུབ་པ་ཡིན། 14 ཁྱོད་ཅག་གི་ཚེས་གཅིག་གི་དུས་ཆེན་དང་གཏན་ལ་ཁེལ་བའི་དུས་ཆེན་རྣམས་ལ་བདག་སེམས་ནས་སྡང་། དེ་དག་ནི་ང་ལ་ཁྲེས་པོ་ཞིག་ཡིན་པས་དེ་དག་འཁུར་བར་བདག་སུན་སྣང་སྐྱེས་བྱུང་། 15 དེ་བས་ཁྱོད་ཅག་གིས་ལག་ཟུང་བརྐྱངས་ནས་སྨོན་ལམ་འདེབས་དུས། ངས་རང་གི་མིག་བཀབ་ནས་ཁྱོད་ཅག་ལ་ལྟ་བ་མིན། ཁྱོད་ཅག་གི་ལག་པ་ཁྲག་གིས་བརྫིས་ཡོད་པས་ཁྱོད་ཀྱིས་སྨོན་ལམ་མང་པོ་བཏབ་ཀྱང་ངས་དེ་ལ་མཉན་པར་མི་བྱའོ། ། 16 ཁྱོད་ཅག་གིས་རང་ཉིད་བཀྲུས་ནས་གཙང་མར་བཟོ་དགོས། རང་གི་སྡིག་སྤྱོད་རྣམས་ངའི་མིག་སྔ་ནས་མེད་པར་ཐོངས། བྱ་སྤྱོད་ངན་པ་དག་མཚམས་འཇོག་པར་གྱིས། 17 དོན་བཟང་སྒྲུབས་ལ་ཁྲིམས་དྲང་པོར་སྐྱོངས། གདུག་རྩུབ་ཅན་ལ་གཤེ་གཤེ་ཐོངས། དྭ་ཕྲུག་ལ་བདེན་ལུགས་སྦྱིན་པ་དང་ཡུགས་མོ་བསྲུང་བར་གྱིས་ཤིག་ཅེས་གསུངས་སོ། །

18 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཤོག་དང་རང་ཅག་གིས་མཉམ་དུ་རྩོད་པར་བྱ། ཁྱོད་ཅག་གི་སྡིག་པ་ནི་དམར་པོ་ཁྲག་དང་འདྲ་ཡང་དེ་ནི་ཁ་བ་ལྟར་དཀར་པོར་འགྱུར་བ་དང་། དེ་རྣམས་དམར་པོ་དམར་རྐྱང་ཡིན་ཡང་བལ་ལྟར་དཀར་པོར་འགྱུར་འོང་། 19 གལ་སྲིད་ཁྱོད་བཀའ་བརྩི་བར་མོས་ན། ས་གཞིའི་ལོ་ཏོག་ཡིད་དུ་འོང་བ་རྣམས་ཁྱོད་ཀྱིས་བཟའ་བར་འགྱུར། 20 འོན་ཀྱང་ཁྱོད་ཀྱིས་བཀའ་མི་བརྩི་བར་ངོ་ལོག་བྱས་ན་རལ་གྲིས་འགེམས་པར་འགྱུར་ཞེས་པའོ། །དཀོན་མཆོག་ཡ་ཝཱེས་དངོས་སུ་དེ་ལྟར་གསུངས་པའོ། །

21 བློ་དཀར་བའི་གྲོང་ཁྱེར་དེ་སྨད་འཚོང་མ་རུ་ཇི་ལྟར་གྱུར། སྔོན་ཆད་དེ་ནི་དྲང་གཞག་དང་དྲང་བདེན་གྱི་གནས་ཚང་ཞིག་ཡིན་ནའང་། ད་ལྟ་དེར་ལག་དམར་མང་པོས་གང་འདུག 22 ཁྱོད་ཀྱི་དངུལ་རྣམས་སྙིགས་རོར་གྱུར་ཅིང་། ཁྱོད་ཀྱི་རྒུན་ཆང་ཆུ་ལ་འདྲེས་འདུག 23 ཁྱོད་ཀྱི་འགོ་དཔོན་རྣམས་ཀྱིས་གྱེན་ལོག་བྱས་ཏེ་ཇག་རྐུན་རྣམས་ཀྱི་འགྲོགས་ཡ་རུ་གྱུར། མི་ཐམས་ཅད་ལྐོག་རྔན་ལ་རྔམ་ཞིང་བརྔན་པར་སྙེག་གོ །ཁོ་ཚོས་དྭ་ཕྲུག་རྣམས་ལ་བདེན་ལུགས་མི་སྟེར་ཞིང་། ཡུགས་མོའི་གྱོད་གཞི་རྣམས་ཀྱང་ཁོ་ཚོའི་མདུན་དུ་འབྱོར་ཐབས་མེད།

24 དེ་བས་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེ་སྟེ། ཡེས་ར་ཨེལ་གྱི་མཐུ་སྟོབས་ཆེན་པོ་ལྡན་པ་ཡིས་འདི་སྐད་དུ། བདག་གིས་རང་གི་དགྲ་ཟླར་ཤ་འཁོན་རྩོད་ཅིང་དགྲ་རྣམས་ལ་འཁོན་ལན་སློག་དགོས། 25 ངས་རང་གི་ལག་པ་བརྐྱངས་ནས། ཁྱོད་ཀྱི་སྙིགས་རོ་རྣམས་འདག་རྫས་ཀྱིས་བཀྲུ་བ་ལྟར་བཀྲུས་ནས་ཁྱོད་ཀྱི་སྐྱོན་སེལ་བར་བྱའོ། ། 26 ངས་ཁྱོད་ཀྱི་ཁྲིམས་དཔོན་རྣམས་སྔོན་ལྟར་འཇོག་ཅིང་། ཁྱོད་ཀྱི་སློབ་སྟོན་པ་དག་སྔར་བཞིན་འཇོག་དགོས། དེའི་རྗེས་སུ་ཁྱོད་ལ་དྲང་བདེན་གྱི་གྲོང་ཁྱེར་དང་། བློ་དཀར་བའི་གྲོང་ཁྱེར་ཞེས་འབོད་དོ་ཞེས་གསུངས་སོ། །

27 ཛ་ཡན་ནི་དྲང་གཞག་གི་དབང་གིས་ཐར་བར་འགྱུར་ལ། གྲོང་ཁྱེར་ནང་གི་འགྱོད་བཤགས་བྱེད་མཁན་རྣམས་ཀྱང་དྲང་བདེན་གྱི་དབང་གིས་ཐར་བར་འགྱུར། 28 འོན་ཀྱང་ངོ་ལོག་པ་དང་སྡིག་ཅན་ཐམས་ཅད་ནི་ལྷན་ཅིག་ཏུ་མེད་པར་འགྲོ་ལ། དཀོན་མཆོག་ཡ་ཝཱེ་འདོར་མཁན་རྣམས་ཀྱང་ནུབ་པར་འགྱུར་རོ། ། 29 ཁྱོད་རྣམས་ནི་རང་ཉིད་དགའ་བའི་བེ་ཤིང་གིས་ངོ་ཚར་སྦྱོར་ཞིང་། ཁྱོད་ཅག་གིས་བདམས་པའི་སྐྱེད་ཚལ་རྣམས་ཀྱིས་ནོངས་པར་བྱ། 30 ཅི་ལ་ཞེ་ན། ཁྱོད་ནི་ལོ་མ་ལྷུང་བའི་བེ་ཤིང་དང་། ཆུ་དཀོན་པའི་སྐྱེད་ཚལ་ལྟ་བུར་འགྱུར་ངེས། 31 མི་སྟོབས་ཆེན་དེ་བལ་སྐུད་ལྟར་འགྱུར་ཞིང་། ཁོའི་ལས་དོན་རྣམས་མེ་སྟག་བཞིན་ཡིན་ལ། དེ་གཉིས་ལྷན་ཅིག་ཏུ་འབར་འགྲོ་བས་སུས་ཀྱང་མེ་དེ་གསོད་མི་ནུས་སོ། །

ཡེ་ཤ་ཡཱ། 2 ->