ལེའུ་དྲུག་པ།
ཡེས་ར་ཨེལ་ནས་འགྱོད་བཤགས་མེད་པ།
1 ཤོག་དང་རང་ཅག་རྣམས་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ཕྱིར་ལོག་པར་བྱའོ། །ཁོང་གིས་རང་ཅག་སིལ་བུར་ཧྲལ་ནའང་གསོ་བར་འགྱུར་ལ། ཁོང་གིས་རང་ཅག་ལ་བརྡུངས་ནས་རྨས་ནའང་རྨ་ཁ་བསྡམ་པར་འགྱུར་རོ། ། 2 ཉིན་གཉིས་པར་རང་ཅག་གསོན་པར་མཛད་ཅིང་། ཉིན་གསུམ་པར་རང་ཅག་དར་བར་བྱས་ནས། ཁོང་གི་སྤྱན་དྲུང་དུ་རང་ཅག་འཚོ་བར་འགྱུར། 3 རང་ཅག་གིས་དཀོན་མཆོག་ཡ་ཝཱེ་ཤེས་འོས་ཏེ། ཁོང་ཉིད་ཤེས་ཐབས་བྱེད་དགོས། ཁོང་ནི་ཞོགས་པའི་ཉི་མ་ལྟར་འཆར་ཞིང་། སྦྲང་ཆར་ཟིལ་མ་བཞིན་རང་ཅག་གི་སྟེང་འབབ་པ་དང་ས་རློན་བྱེད་ཀྱི་ཆར་པ་བཞིན་ཡིན་ནོ། ། 4 ཀྱེ་ཨེ་ཕཱར་ཡིམ། ངས་ཁྱོད་ལ་ཅི་བྱའམ། ཀྱེ་ཡ་ཧུ་དཱ། ངས་ཁྱོད་ལ་ཅི་བྱའམ། གང་ལ་ཞེ་ན། ཁྱོད་ཀྱི་བྱམས་བརྩེ་ནི་ཐོ་རངས་ཀྱི་སྨུག་པ་དང་སྐད་ཅིག་ཙམ་ལ་ཡལ་འགྲོ་བའི་ཟིལ་བ་དང་འདྲའོ། ། 5 དེ་བས་ངས་ལུང་སྟོན་པ་བརྒྱུད་ནས་ཁྱོད་རྣམས་དུམ་བུར་བཅད་ཅིང་། ཁོ་བོའི་སྨྲ་སྒོ་ལས་ཐོན་པའི་ཚིག་གིས་ཁྱོད་ཅག་བསད་པ་དང་། བདག་གི་ཁྲིམས་གཅོད་ནི་ཁྱོད་རྣམས་ལ་འོད་ལྟར་འཕྲོས་པ་སྟེ། 6 ཅིའི་ཕྱིར་ཞེ་ན། བདག་ནི་མཆོད་པར་མི་དགའ་ཞིང་སྙིང་རྗེའི་སེམས་ལ་དགའ་བ་དང་། སྦྱིན་སྲེག་རྣམས་ལས་མི་རྣམས་ཀྱིས་དཀོན་མཆོག་ཤེས་པ་ལ་ལྷག་པར་དགའོ། ། 7 འོན་ཀྱང་ཁོ་རྣམས་ནི་ཞལ་ཆད་དང་འགལ་བའི་མི་དང་འདྲ་ཞིང་དེ་རུ་ང་ལ་གཡོ་སྒྱུའི་སྦྱོར་བ་སྤེལ་ཏོ། ། 8 གིལ་ཨད་ནི་སྡིག་ཉེས་གསོག་པའི་གྲོང་ཁྱེར་ཡིན་ལ་དེ་ཁྲག་གིས་སྦགས། 9 མཆོད་དཔོན་ཚོགས་ཀྱིས་ཇག་དཔུང་བཞིན་འཇབ་སྒུག་བྱས་ཏེ་སི་ཀེམ་གྱི་ལམ་དུ་སྲོག་བཅད་ནས་ངན་པ་སྤྱད། 10 ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལས་ངས་འཇིགས་སུ་རུང་བའི་དོན་ཞིག་མཐོང་ཞིང་། ཨེ་ཕཱར་ཡིམ་གྱི་ནང་དུ་ལོག་གཡེམ་ཡོད་པ་དང་། ཡེས་ར་ཨེལ་སྦགས་པ་ཡིན། 11 ཀྱེ་ཡ་ཧུ་དཱ། ངས་རང་གི་མི་རྣམས་བཙོན་ལས་ཕྱིར་ཁྲིད་འོང་བའི་ཚེ། ཁྱོད་ལའང་སྟོན་ཐོག་ཅིག་འཐོབ་པར་མཛད་དོ། །
<- ཧོ་ཤེ་ཨ། 5ཧོ་ཤེ་ཨ། 7 ->
ཧོ་ཤེ་ཨ།