Link to home pageLanguagesLink to all Bible versions on this site

དམ་པའི་གསུང་རབ་ལས་བྱུང་བའི་མིང་བརྡ་སྐོར་ཞིག་གི་འགྲེལ་བཤད།
༡ དཀོན༌མཆོག ཡེ་ཤུའི་ཆོས་ལུགས་ལྟར་དཀོན་མཆོག་ཅེས་པ་ནི་ལྷ་དང་ལྷ་ཆེན་པོ་ཙམ་ལ་གོ་བ་མ་ཡིན་པར། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི་བྱེད་པོ་ཉག་གཅིག་དེར་གོ་བ་ཡིན། དཀོན་མཆོག་གི་ངོ་བོའམ་རང་བཞིན་ནི་ཐུགས་ཉིད་དམ་ཤེས་པའི་རང་བཞིན་ཅན་ཡིན་པར་གསུངས་ཤིང་། དེ་ལ་ཐོག་མཐའ་མེད་པ་དང་། བདེན་པའི་དཀོན་མཆོག་ཉིད་ཡིན་ཞེས་བསྟན་ཡོད་པ་རེད། ཇི་ལྟར་བདེན་པ་ཡིན་ཚུལ་སོགས་ཚིག་གཅིག་གཉིས་ཤིག་གིས་བརྡ་མི་འཕྲོད་པས། དམ་པའི་གསུང་རབ་ཀྱི་གཞུང་ཆ་ཚང་ལ་སྦྱོང་བ་བྱས་མཐར་རང་བཞིན་གྱིས་ཤེས་ཐུབ་པ་ཡིན། དཀོན་མཆོག་གི་ངོ་བོ་གཅིག་ལ་རང་གཤིས་གསུམ་ཡོད་ཅིང་། དེ་དག་ནི་ཡབ་དཀོན་མཆོག་དང༌། སྲས་དཀོན་མཆོག དམ་པའི་ཐུགས་ཉིད་དཀོན་མཆོག་བཅས་ཡིན་ལ། རང་གཤིས་གསུམ་པོ་ལྷན་གཅིག་ཏུ་བསྡུས་ན་སླར་ཡང་དཀོན་མཆོག་གི་ངོ་བོ་ནི་གཅིག་ཡིན།  དེ་ཡང་དཀོན་མཆོག་གི་མཚན་གྱི་རྣམ་གྲངས་འགའ་ཞིག་ཁོལ་དུ་ཕྱུང་བ་འདི་ལྟ་སྟེ། ཡ་ཝཱེ། འཇིག་རྟེན་བྱེད་པོ། གཙོ་བོ་དཀོན་མཆོག ཀུན་དབང་དཀོན་མཆོག བླ་ན་མེད་པའི་དཀོན་མཆོག གཏན་དུ་བཞུགས་པའི་དཀོན་མཆོག ཚེ་སྲོག་གི་དཀོན་མཆོག་ལྟ་བུའོ། །
༢ ཡ་ཝཱེ། ཡ་ཝཱེ་ཞེས་པ་ནི་དཀོན་མཆོག་གི་མཚན་ཏེ་རྟག་ཏུ་བཞུགས་པ་དང་ཐོག་མཐའ་མེད་པའི་དཀོན་མཆོག་དེ་ཉིད༌ཡིན།
༣ དཀོན་མཆོག་གི་རྒྱལ་སྲིད། དམ་པའི་གསུང་རབ་ཀྱི་གཞུང་ལས། དཀོན་མཆོག་གི་རྒྱལ་སྲིད་ཅེས་པ་ནི་ཡབ་སྲས་ཐུགས་ཉིད་གསུམ་དང་། དཀོན་མཆོག་གི་ཕོ་ཉ་འཁོར་དང་བཅས་པའི་བསྟི་གནས་ཡིན་པར་གསུངས་ཤིང་། གཞན་ཡང་དཀོན་མཆོག་གིས་དད་པ་ཅན་རྣམས་སྐྱོང་བར་མཛད་པའི་དོན་ཡང་འདུས་ཡོད།
༤ སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ནང་དུ་གནས་པ། བོད་འགྱུར་དམ་པའི་གསུང་རབ་ཏུ། མཱ་ཤི་ཀའི་ནང་དུ་གནས་ཞེས་པའམ་བདག་གི་ནང་དུ་གནས་ཞེས་པ་སོགས་བལྟས་མ་ཐག་ཏུ་གོ་བ་ཅུང་མི་ལོན་པའམ་དེ་ཙམ་ཀློག་མི་བདེ་བའི་ཚིག་རེ་ཟུང་ཡོད། སྟབས་བདེ་བྱས་ན་ཡེ་ཤུ་མཱ་ཤི་ཀ་དང་ངོ་བོ་དབྱེར་མེད་པའམ་ཐུགས་སེམས་གཅིག་ཏུ་བསྒྲིལ་ཞེས་པར་གོ་ཆོག་པ་ཡིན། དེ་ལྟར་སྒྱུར་རྒྱུ་བློ་ཡུལ་དུ་མ་འཁོར་བའང་མིན་མོད། བརྗོད་ཚུལ་འདི་ནི་དམ་པའི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཕྱིར་རེ་ཞིག་ཐད་སྒྱུར་བྱས་ཡོད།
༥ མཐའ་མའི་དུས། གསུང་རབ་ཏུ། མཐའ་མའི་དུས་དང་མཐའ་མའི་དུས་ལ་ཉེ་བའི་དུས་ཞེས་སོགས་འབྱུང་ཞིང་། ནང་དོན་ནི།  སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་སྟེང་ནས་སྐུ་གཤེགས་པ་དང་ཉིན་གསུམ་པར་སླར་གསོན་ཞིང་། ཉིན་བཞི་བཅུའི་རིང་ལ་ཐུགས་སྲས་རྣམས་དང་འགྲོགས་ནས་ཆོས་སྤེལ་རྗེས་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་དུས་ནས་འགོ་བརྩམས་ཏེ། མ་འོངས་པའི་དུས་སུ་ཁོང་ཉིད་སླར་འཇིག་རྟེན་དུ་ཕེབས་པར་འགྱུར་བའི་བར་གྱི་དུས་སྐབས་དེ་ལ་གོ་དགོས་པ་ཡིན།
༦ ཐར་པ། ཐར་པ་ཞེས་པ་ནི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀར་དུས་ནམ་ཞིག་ལ་ལྷག་བསམ་རྣམ་དག་གིས་དད་པ་བྱས་པ་ཡིན་ན། དེ་མ་ཐག་ཏུ་ཐར་པའི་གླེགས་བམ་དུ་མིང་རྟགས་བཀོད་ཅིང་ཐར་པ་ཐོབ་པ་ཡིན། དེ་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་པ་ཡིན་ཞེས་ཀྱང་བསྟན་ཡོད།
༧ དམ་པའི་ཐུགས་ཉིད། དམ་པའི་ཐུགས་ཉིད་ཅེས་པ་ནི། སྤྱིར་དཀོན་མཆོག་གི་ངོ་བོ་གཅིག་ལ་རང་གཤིས་གསུམ་ཡོད་པ་ལས་གསུམ་པ་དེ་ཡིན། ཆོས་ལུགས་གཞན་དག་གི་དད་ལྡན་པར་ལྷས་རྟགས་དང་མཚན་མ་ལ་བརྟེན་ནས་ལེགས་ཉེས་ལུང་དུ་སྟོན་པ་བཤད་སྲོལ་ཡོད་པ་ནང་བཞིན། ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་དག་ལ་དམ་པའི་ཐུགས་ཉིད་ཅེས་པ་ལུས་དང་གྲིབ་མ་བཞིན་འགྲོགས་ཡོད་པའི་གོ་དོན་ཞིག་གྲུབ་ཡོད།
༨ བདུད། ཆོས་ལུགས་ཕལ་ཆེར་ལ་བདུད་ཀྱི་རྣམ་བཞག་ཅིག་ངེས་པར་ཡོད། དམ་པའི་གསུང་རབ་ཏུ་གླེང་བའི་བདུད་ནི་སཱ་ཏན་ཟེར་བ་ཡིན། གསུང་རབ་ཏུ། བདུད་དེ་ནི་སྔར་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་གཙོ་བོ་ཡིན༌ཅིང་། ཕྱིས་སུ་དཀོན་མཆོག་གི་བཀའ་མ་བརྩིས་པ་དང་ཁོང་གི་གཟི་བརྗིད་ལ་ཕྲག་དོག་བྱས་ཤིང་ཁོང་ལ་འགྲན་སེམས་བཅངས༌པས། དཀོན་མཆོག་གིས་ཕོ་ཉ་དེ་དག་འཁོར་དང་བཅས་པ་ནམ་མཁའི་ཞིང་ཁམས་ནས་འཇིག་རྟེན་ལ་བསྐྲད་པས༌བདུད་རིགས་སུ་གྱུར་ཅིང་དཀོན་མཆོག་གི་དགྲ་གཙོ་བོ་ཆགས་ཞེས་བསྟན་ཡོད།
༩ ནམ་མཁའི་ཞིང་ཁམས། ནམ་མཁའི་ཞིང་ཁམས་ཞེས་པ་ནི་དཀོན་མཆོག་ཡབ་སྲས་དང་དམ་པའི་ཐུགས་ཉིད། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་བཞུགས་གནས་ཡིན་ཅིང་། དད་ལྡན་ཐམས་ཅད་ཀྱི་འགྲོ་ཡུལ་མཐར་ཐུག་ཀྱང་ཡིན་པར་གསུངས། འདི་དང་ཆོས་ལུགས་གཞན་ལས་བཤད་པའི་དག་པའི་ཞིང་ཁམས་སོགས་ལ་ཁྱད་པར་ཧ་ཅང་ཆེ། ཞིབ་ཏུ་ཞལ་ཆད་གསར་རྙིང་གཉིས་ལས་ཤེས་པར་བྱ། ནམ་མཁའི་ཞིང་ཁམས་ཞེས་པ་འདི་ལ་འགྱུར་གཞན་དུ་དཀོན་མཆོག་གི་ཞིང་ཁམས་ཞེས་ཀྱང་བྲིས་ཡོད་མོད། ཡིན་ན་ཡང་དེ་གཉིས་ཀྱི་ནང་དོན་གཅིག་པ་སྟེ། དཀོན་མཆོག་གི་བཞུགས་གནས་ལ་གོ་བ་ཡིན།
༡༠ རྣམ༌ཤེས། མི་ཤི་ཚེ་རྣམ་ཤེས་ཀྱི་འགྲོ་ལམ་གཉིས་ཡོད། སྐྱབས་མགོན་ཡེ་ཤུར་དད་པ་མེད་པ་རྣམས་ནི་ཡེ་ཤུའི་ལུགས་ཀྱི་དམྱལ་བའི་གནས་སུ་ལྷུང་ཞིང་དེ་ལས་ནམ་ཡང་སྒྲོལ་མི་ནུས་པ་ཡིན། ཁོང་ལ་དད་པ་དང་ལྡན་པ་རྣམས་ནི་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་དཀོན་མཆོག་གི་དྲུང་དུ་འདྲེན་པར་བྱེད་ཅིང་། གཏན་དུ་ཐར་པ་ཐོབ་པ་ཡིན།
༡༡ ཕོ་ཉ། ཕོ་ཉ་ཞེས་པ་ནི་དཀོན་མཆོག་གིས་མངགས་ཤིང་ནུས་མཐུ་སྣ་ཚོགས་ལྡན་པའི་ཐུགས་ཉིད་ཀྱི་རིགས་ཤིག་གམ་ཤེས་པའི་རིགས་ཤིག་ཡིན། འདི་ནི་ལྷ་འདྲེ་ཁོག་ཞུགས་ཞེས་པ་སོགས་དང་དོན་མི་འདྲ།
༡༢ མི་རྣམ་དག་ཏུ་བརྩི་བ། མི་རྣམ་དག་ཏུ་བརྩི་བ་ཞེས་པ་ནི་དམ་པའི་གསུང་རབ་ཏུ་བཀོལ་བ༌ཅུང་མང༌། སྤྱིར་མ་ཕྱི་ལས་རྣམ་དག༌དང༌། གཙང༌མ། ཉེས༌མེད། དྲང༌བདེན། སྐྱོན་བྲལ་སོགས་ཀྱི་དོན་འདུས༌ཀྱང༌། འདིར་ཀློག་མཁན་རྣམས་མགོ་མི་འཁྲུག་པའི་ཕྱིར་རྣམ་དག་ཅེས་གཅིག་གྱུར་བྱས་ཡོད། དེ་ཡང་མི་སུ་ཞིག་གིས་སྐྱབས་མགོན་ཡེ་ཤུ་ལ་དད་པ་རྣམ་དག་བྱས་པ་ཡིན༌ན། དཀོན་མཆོག་ཡབ་སྲས་གཉིས་ཀྱིས་མི་དེ་རྣམ་དག་ཏུ་བརྩི་ཞིང་དེར་མཐའ་མེད་པའི་ཚེ་སྲོག་ཀྱང་འཐོབ༌ངེས་པ་ཡིན།
༡༣ དམྱལ་བའི་གནས། དམྱལ་བའི་གནས་ཞེས་པ་ནི་དཀོན་མཆོག་གི་བཀའ་དང་འགལ་བའི་སྡིག་ཅན་དག་འགྲོ་སའི་གནས་ཏེ། སྡིག་ཅན་དེ་དག་གི་རྣམ་ཤེས་དམྱལ་བའི་གནས་སུ་ལྷུང་ནས་ནམ་ཡང་ཐར་མི་ཐུབ་ཅིང་། གནས་དེའི་སྡུག་བསྔལ་ཤིན་ཏུ་ཆེ་ཞིང་མེ་འབར་བ་དང་འབུ་སྲིན་གྱིས་བཀང་ཡོད།
༡༤ ཡང་བསྐྱར་སྐྱེས་པ། ཡང་བསྐྱར་སྐྱེས་པ་ཞེས་པ་ནི་སྐྱེ་བ་སྔ་ཕྱི་ཡང་ཡང་བརྗེ་བའི་དོན་མ་ཡིན༌པར། མའི་མངལ་ལས་སྐྱེས་པ་ནི་སྐྱེ་བ་གཅིག་དང་། དཀོན་མཆོག་ལ་དད་པ་བྱས་མ་ཐག་ཏུ་སྐྱེ་བ་གཉིས་པ་ཐོབ་པ་ཡིན། དེ་འདྲའི་དད་ལྡན་དག་ཤི་བའི་ཚེ་ནའང་དཀོན་མཆོག་གིས་ནམ་མཁའི་ཞིང་ཁམས་སུ་འདྲེན་ཡོང་། དེའི༌ཕྱིར། ཡང་བསྐྱར་སྐྱེས་ཞེས་པ་ནི་དཀོན་མཆོག་ལ་དད་པའི་དད་པ་རྣམ་དག་དེ་ལ་གོ་དགོས་པ༌ཡིན།
༡༥ ཡེ༌ཤུ། ཡེ་ཤུ་ཞེས་པ་ནི་ཡ་ཧུ་དཱ་མི་རིགས་ཀྱི་ཡི་གེ་ནས་སྒྲ་སྒྱུར་བྱས་ཤིང་བོད་སྐད་དུ་སྐྱབས་མགོན་ཞེས་པའི་དོན༌ཡིན། ཁོང་ལ་མཚན་གཞན་ཡང་ཡོད༌དེ། དཀོན་མཆོག་གི་སྲས༌དང༌། སྲས་དཀོན༌མཆོག མིའི༌བུ། དཱ་བིད་ཀྱི་རིགས༌སྲས། གཙོ༌བོ། དཀོན་མཆོག་གི་སྐྱེས་བུ་དམ༌པ། ཐོག་མཐའ་མེད༌པ། ལུག་རྫི་བཟང༌པོ། རྒྱལ་པོ་རྣམས་ཀྱི་རྒྱལ༌པོ། དཀོན་མཆོག་གི་ལུ༌གུ། འཇིག་རྟེན་གྱི་འོད༌ཟེར། ཞི་བདེའི་རྒྱལ༌པོ། དཀོན་མཆོག་གི་བཀའ་སོགས༌ཡོད། ཞེ་ས་སྦྱར་བའི་དབང་གིས་སྐྱབས་མགོན་ཡེ་ཤུ༌དང༌། གཙོ་བོ་ཡེ༌ཤུ། སྟོན་པ་ཡེ་ཤུ་ཞེས་ཀྱང་བརྗོད།
༡༦ ཤིང་རྒྱ་གྲམ། ཤིང་རྒྱ་གྲམ་ཞེས་པ་ནི་མིའི་རིགས་ཀྱི་སྡིག་པ་སེལ་བའི་ཆེད་དུ་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་གནམ་བཏགས་བྱས་ནས་སྐུ་བཀྲོངས་སའི་སྦྱར་ཤིང་ལ་གོ་བ་ཡིན། དེང་སང་གི་འགྱུར་ལ་ལར་རྒྱངས་ཤིང་ཞེས་ཀྱང་བྲིས་འདུག་མོད། དོན་ནི་གཅིག་པ་སྟེ། ཡེ་ཤུ་མཱ་ཤི་ཀ་སྐུ་བཀྲོངས་སའི་ཤིང་རྒྱ་གྲམ་ལ་གོ་བའོ།།
༡༧ སླར་གསོན་པ།’ གཅིག་ནས་སྐྱབས་མགོན་ཡེ་ཤུ་སྐུ་བཀྲོངས་རྗེས་ཉིན་གསུམ་པར་སླར་གསོན་པ་དེ་བསྟན། གཉིས་ནས་མ་འོངས་པར་སྐྱབས་མགོན་ཡེ་ཤུ་སླར་ཡང་འཇིག་རྟེན་ཁམས་སུ་འབྱོན་པ་དང་། དེའི་དུས་སུ་ཁོང་གིས་སྔར་ཤི་ཟིན་པའི་མི་རྣམས་སླར་གསོན་པར་མཛད་ངེས་པ་དེའང་བསྟན།
༡༨ མཱ་ཤི་ཀ་པ། མཱ་ཤི་ཀ་པ་ཞེས་པ་ནི་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་མཁན་རྣམས་ཡིན་ལ། ས་ཆ་ལ་ལར་ཡེ་ཤུ་པའམ་ཡེ་ཤུའི་ཆོས་ལུགས་པ་ཞེས་ཀྱང་འབོད།
༡༩ དམ་པའི་གསུང་རབ།  དམ་པའི་གསུང་རབ་ཅེས་པ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་གཞུང་གི་མིང་ཡིན་པ་དང་། མིང་འདི་ནི་གང་འདོད་དུ་བཏགས་པ་ཞིག་མ་ཡིན་པར་གཞུང་གི་ནང་ནས་བྱུང་བ་ཞིག་ཡིན།  དཔེར་ན། རོ་མཱ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གི་ལེའུ་དང་པོའི་ཚིག་རྐང་གཉིས་པར་གསལ། བོད་འགྱུར་གསར་མ་འདིའི་སྔོན་དུ་འགྲོ་བའི་གཏམ་ལ་གཟིགས་རོགས།
༢༠ འཕྲིན་བཟང་། སྤྱིར་གཏམ་བཟང་གི་དོན་ཡིན་ནའང་། ཡེ་ཤུའི་ཆོས་ལུགས་ལྟར་སུ་ཞིག་གིས་དུས་ནམ་ཞིག་ལ་སྤྱོད་ངན་སྤངས་ནས་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀར་ལྷག་བསམ་རྣམ་དག་གིས་དད་པ་བྱས་ན། དེ་མ་ཐག་ཏུ་ཚེ་སྲོག་གི་གླེགས་བམ་ཏུ་མིང་རྟགས་བཀོད་ཅིང་ཐར་པ་ཐོབ་པ་ཡིན་པས་དོན་དེར་འཕྲིན་བཟང་ཞེས་བརྗོད་པ་ཡིན།