3 དེ་ནས་ཨབ་རམ་དང་བཅས་པ་ནེ་གུབ་ཡུལ་ནས་རིམ་གྱིས་པེད་ཨེལ་གྱི་ཕྱོགས་སུ་སོང༌སྟེ། པེད་ཨེལ་དང་ཨེ་ཡུ་གཉིས་ཀྱི་བར་དུ་སླེབས་སོ། །དེ་ནི་སྔོན་ཆད་ཁོ་རྣམས་ཀྱིས་སྦྲ་གུར་ཕུབ་པའི་གནས་དེ་ཡིན༌ལ། 4 ཁོང་གིས་ཐོག་མར་མཆོད་ཁྲི་བཞེངས་པའི་གནས་དེའང་ཡིན༌ནོ། །ཁོང་གིས་གནས་དེ་རུ་དཀོན་མཆོག་ཡ་ཝཱེའི་མཚན་ནས་བོས༌པའོ།། 5 ཨབ་རམ་དང་མཉམ་དུ་སོང་བའི་ལོད་ཐུ་ལའང་བ་ཁྱུ༌དང༌། ར་ལུག་གི་ཁྱུ༌དང༌། སྦྲ་གུར་བཅས་ལྡན༌ནོ།། 6 ཁོ་རྣམས་ལ་རྒྱུ་ནོར་དེ་འདྲ་མང་པོ་ཡོད་པས་ཡུལ་དེར་ཁོ་རྣམས་མ་ཤོང་བ་དང་ལྷན་དུའང་སྡོད་མ་ནུས༌པར། 7 ཨབ་རམ་གྱི་རྫི་བོ་དང་ལོད་ཐུའི་རྫི་བོ་རྣམས་ཀྱི་བར་དུ་འཁྲུག་རྩོད་བྱུང་བ༌རེད། དུས༌དེར། ཀ་ན་ཨན་མི་རིགས་དང་ཕེ་རེ་ཟི་མི་རིགས་ཀྱང་གནས་དེར་བསྡད་ཡོད༌དོ།།
8 དེ་ནས་ཨབ་རམ་གྱིས་ལོད་ཐུ་ལ་འདི་སྐད༌དུ། ངེད་གཉིས་འཁྲུག་རྩོད་བྱ་མི་འོས༌ལ། ཁྱོད་ཀྱི་རྫི་བོ་དང་བདག་གི་རྫི་བོ་གཉིས་ཀྱང་རྩོད་མི་འོས༌སོ། །ཅིའི་ཕྱིར་ཞེ༌ན། རང་ཅག་ནི་སྤུན་མཆེད་ཡིན་པའི་ཕྱིར༌རོ།། 9 ས་གཞི་ཐམས་ཅད་ཁྱོད་ཀྱི་མིག་མདུན་དུ་ཡོད་པ་མ་ཡིན༌ནམ། ཁྱོད་བདག་དང་ཁ་འབྲལ་བར༌གྱིས། ཁྱོད་རང་གཡོན་ཕྱོགས་སུ་སོང༌ན། ང་རང་གཡས་ཕྱོགས་སུ༌འགྲོའོ། །ཁྱོད་རང་གཡས་ཕྱོགས་སུ་སོང༌ན། ང་རང་གཡོན་ཕྱོགས་སུ་འགྲོ་བར་བྱའོ་ཞེས་སྨྲས༌སོ།། 10 དེ་ནས་ལོད་ཐུས་མགོ་ཡར་བཀྱགས་ཏེ་ཡོར་དན་གཙང་པོའི་ཡུལ་འཁོར་ཐམས་ཅད་ལ་བལྟས་པ༌ན། ས་ཆ་ཡོངས་སུ་ཆུ་ཤིན་ཏུ་མང་བ༌མཐོང༌། ཡུལ་དེ་ནི་ཚོ་ཨར་གྱི་བར་དུ་དཀོན་མཆོག་ཡ་ཝཱེས་སཱ་དོམ་དང་གཱ་མོ་ར་གཉིས་འཇོམས་པར་མ་མཛད་སྔོན་གྱི་དཀོན་མཆོག་ཡ་ཝཱེའི་ལྡུམ་ར་དང་འདྲ༌ཞིང༌། ཨེ་ཅིབ་ཀྱི་ཡུལ་དང་མཚུངས༌པས། 11 ལོད་ཐུ་ཡིས་ཡོར་དན་གཙང་པོའི་ཡུལ་འཁོར་ཐམས་ཅད་བདམས༌ཏེ། ཤར་ཕྱོགས་སུ་གནས་སྤར་བ་དང་ཁོ་རྣམས་ཕན་ཚུན་ཁ་གྱེས་པ༌རེད། 12 དེ་ནས་ཨབ་རམ་ཞེས་བྱ་བ་ཀ་ན་ཨན་ཡུལ་དུ་བསྡད་པ༌དང༌། ལོད་ཐུ་ཡུལ་འཁོར་གྱི་གྲོང་ཁྱེར་རྣམས་སུ་བསྡད༌ཅིང༌། ཡང་རིམ་གྱིས་སྦྲ་གུར་རྣམས་སཱ་དོམ་བར་དུ་གནས་སྤར༌ཏོ།། 13 དེ་ཡང་སཱ་དོམ་གྱི་མི་རྣམས་ངན་པ་ཤ་སྟག་ཡིན༌ཞིང༌། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་སྡིག་པ་ཚབས་ཆེན་བྱེད༌དོ།།
14 དེ་ནས་ལོད་ཐུ་ཞེས་བྱ་བ་ཨབ་རམ་དང་ཁ་གྱེས༌རྗེས། དཀོན་མཆོག་ཡ་ཝཱེས་ཨབ་རམ་ལ་འདི་སྐད༌དུ། ཁྱོད་ཀྱིས་རང་གི་གནས་ཡུལ་ནས་མགོ་ཡར་བཀྱགས་ཏེ་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་ལྟོས༌དང༌། 15 ཁྱོད་ཀྱི་མིག་གིས་མཐོང་ཚད་ཐམས་ཅད་བདག་གིས་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་ལ་གཏན་དུ་སྦྱིན་པར་འགྱུར༌རོ།། 16 བདག་གིས་ཁྱོད་ཀྱི་རིགས་རྒྱུད་རྣམས་རྡུལ་གྲངས་དང་མཉམ་པར་བྱ་ངེས༌ཡིན། སུ་ཞིག་གིས་ས་ཡི་རྡུལ་གྲངས་ལ་རྩིས་ལེན་ཐུབ༌ན། ད་གཟོད་ཁྱོད་ཀྱི་རིགས་རྒྱུད་ལའང་རྩིས་ལེན་ནུས༌སོ།། 17 ཁྱོད་ཡར་ལོངས༌དང༌། ཡུལ་འདིའི་ཕྱོགས་ཀུན་ལ་སོང༌ཞིག རྒྱུ་མཚན་ནི་བདག་གིས་ས་འདི་ཁྱོད་ལ་སྦྱིན་ངེས་ཡིན་པའི་ཕྱིར་རོ་ཞེས་གསུངས༌སོ།། 18 དེ་ནས་ཨབ་རམ་གྱིས་རང་གི་སྦྲ་གུར་གནས་སྤར༌ཞིང༌། ཧེབ་རོན་གྱི་མཱན་རེའེ་ཞེས་བྱ་བའི་བེ་ཤིང་སྐྱེད་ཚལ་གྱི་ཉེ་འགྲམ་དུ་བསྡད་པ་དང་། གནས་དེ་རུ་དཀོན་མཆོག་ཡ་ཝཱེ་ལ་མཆོད་ཁྲི་ཞིག་བཞེངས༌སོ།།
<- བཀོད་པ། 12བཀོད་པ། 14 ->