1 དེ་ཡང་སྐབས་དེར་ས་སྟེང་གི་མི་ཀུན་གྱི་སྐད་དང་བརྗོད་པ་གཅིག་མཚུངས༌ཡིན།
2 མི་དེ་རྣམས་ཤར་ཕྱོགས་སུ་གནས་སྤོར་བའི་དུས༌སུ། ཤིན་ཨར་ཡུལ་གྱི་ཐང་བདེ་མོ་ཞིག་མཐོང་སྟེ་གནས་དེར༌བསྡད།
3 དེ་ནས་ཁོ་རྣམས་ཀྱིས་ཕན་ཚུན་ལ་ན༌རེ། རང་ཅག་གིས་སོ་ཕག་བཟོ་བར༌བྱའོ། །མེར་བསྲེག་པར་བྱའོ་ཞེས་གྲོས་བྱས༌ཤིང༌། མི་དེ་རྣམས་ཀྱིས་སོ་ཕག་བླངས་ཏེ་རྡོ་རུ་བྱས་པ༌དང༌། འཇིམ་པའི་ཚབ་ལ་རྒྱ་སྐྱེགས་བཀོལ་ཏེ་ན༌རེ།
4 ཤོག༌དང༌། རང་ཅག་གི་མཚན་སྙན་གྲགས་རྒྱས་པའི༌ཕྱིར། རང་ཅག་གིས་གྲོང་ཁྱེར་ཞིག་དང་ལྕོག་མཁར་ཞིག་བཟོ་བར༌བྱའོ། །ལྕོག་མཁར་གྱི་རྩེ་མོ་གནམ་ལ་ཟུག་པ་ཞིག་བཟོ་བར༌བྱའོ། །དེ་ལྟར་མ་བྱས༌ཚེ། རང་ཅག་རྣམས་ས་སྟེང་ཀུན་ལ་འཐོར་ཉེན་ཆེ་ཞེས་སྨྲས༌སོ།།
5 དེ་ཡང་འཇིག་རྟེན་མི་ཀུན་གྱིས་གྲོང་ཁྱེར་དང་ལྕོག་མཁར་བཞེང་བཞིན་པ་མཐོང་བའི་ཆེད་དུ་དཀོན་མཆོག་ཡ་ཝཱེ་མར་འཇིག་རྟེན་དུ་ཕེབས༌ཏེ། 6 ཁོང་གིས་འདི་སྐད༌དུ། ལྟོས༌དང༌། དེ་རྣམས་མི་རིགས་གཅིག་ཡིན་ཞིང་སྐད་རིགས་གཅིག་སྨྲ་བ༌དང༌། དེང་སང་དོན་འདི་སྒྲུབ་འགོ་བརྩམས༌ཤིང༌། ཕྱིས་སུ་དེ་དག་གིས་བསྒྲུབ་པར་འགྱུར་བའི་ལས་ལ་མི་འགྲུབ་པ་ཅི་ཡང༌མེད། 7 ངེད་རྣམས་སོང་ནས་དེ་དག་གི་སྐད་ལ་འགྱུར་བ་བྱུང་དུ་བཅུག༌སྟེ། ཕན་ཚུན་བར་གོ་བརྡའང་མི་འཕྲོད་པར་བྱའོ་ཞེས་གསུངས༌སོ།། 8 དེ་ནས་དཀོན་མཆོག་ཡ་ཝཱེས་མི་དེ་རྣམས་ས་སྟེང་ཀུན་ལ་གཏོར་བ༌དང༌། དེ་རྣམས་ཀྱིས་ཀྱང་གྲོང་ཁྱེར་བཟོ་མཚམས་བཞག༌གོ ། 9 གྲོང་ཁྱེར་དེའི་མིང་ལ་པཱ་པེལ་*ཞེས་ཟེར༌ཏེ། དཀོན་མཆོག་ཡ་ཝཱེས་ས་སྟེང་ཀུན་གྱི་སྐད་རིགས་ཉོག་ཏུ་བཅུག་པ༌དང༌། མི་ཐམས་ཅད་ཀྱང་ས་གཞི་ཡོངས་ལ་འཐོར་བར་མཛད་པའི་ཕྱིར༌རོ།།
10 ཤེམ་གྱི་རིགས་རྒྱུད་ནི་གཤམ་གསལ༌ལྟར། དེ་ཡང་ཆུ་ལོག་བྱུང་བའི་ལོ་གཉིས་ཀྱི་རྗེས༌སུ། ཤེམ་ལོ་བརྒྱ་ལོན་པའི་དུས་ལ་བུ་ཨར་པག་ཤད༌སྐྱེས།
11 ཨར་པག་ཤད་སྐྱེས་པའི་རྗེས༌སུ། ཤེམ་ཡང་ལོ་ལྔ་བརྒྱར་བཞུགས་ཏེ་བུ་དང་བུ་མོ་གཞན་རྣམས་ཀྱང་བསྐྱངས༌སོ།།
12 ཨར་པག་ཤད་ལོ་སོ་ལྔ་ལོན་པའི་དུས་སུ་བུ་ཤེ་ལཱ༌སྐྱེས།
13 ཤེ་ལཱ་སྐྱེས་པའི་རྗེས་སུ་ཨར་པག་ཤད་ཡང་ལོ་བཞི་བརྒྱ་དང་གསུམ་ལ་བཞུགས་ཏེ་བུ་དང་བུ་མོ་གཞན་དག་ཀྱང་བསྐྱངས༌སོ།།
14 ཤེ་ལཱ་ལོ་སུམ་ཅུ་ལོན་པའི་དུས་སུ་བུ་ཨེ་བེར༌སྐྱེས།
15 ཨེ་བེར་སྐྱེས་པའི་རྗེས་སུ་ཤེ་ལཱ་ཡང་ལོ་བཞི་བརྒྱ་དང་གསུམ་ལ་བཞུགས་ཏེ་བུ་དང་བུ་མོ་གཞན་རྣམས་ཀྱང་བསྐྱངས༌སོ།།
16 ཨེ་བེར་ལོ་སོ་བཞི་ལོན་པའི་དུས་སུ་བུ་ཕེ་ལེག༌སྐྱེས།
17 ཕེ་ལེག་སྐྱེས་པའི་རྗེས་སུ་ཨེ་བེར་ཡང་ལོ་བཞི་བརྒྱ་དང་སུམ་ཅུ་ལ་བཞུགས་ཏེ་བུ་དང་བུ་མོ་གཞན་རྣམས་ཀྱང་བསྐྱངས༌སོ།།
18 ཕེ་ལེག་ལོ་སུམ་ཅུ་ལོན་པའི་དུས་སུ་བུ་རེའེ་ཨུ༌སྐྱེས།
19 རེའེ་ཨུ་སྐྱེས་པའི་རྗེས་སུ་ཕེ་ལེག་ཡང་ལོ་ཉིས་བརྒྱ་དང་དགུ་ལ་བཞུགས་ཏེ་བུ་དང་བུ་མོ་གཞན་རྣམས་ཀྱང་བསྐྱངས༌སོ།།
20 རེའེ་ཨུ་ལོ་སུམ་ཅུ་སོ་གཉིས་ལོན་པའི་དུས་སུ་བུ་སེ་རུག༌སྐྱེས།
21 སེ་རུག་སྐྱེས་པའི་རྗེས་སུ་རེའེ་ཨུ་ཡང་ལོ་ཉིས་བརྒྱ་དང་བདུན་ལ་བཞུགས་ཏེ་བུ་དང་བུ་མོ་གཞན་དག་ཀྱང་བསྐྱངས༌སོ།།
22 སེ་རུག་ལོ་སུམ་ཅུ་ལོན་པའི་དུས་སུ་བུ་ནཱ་ཧོར༌སྐྱེས།
23 ནཱ་ཧོར་སྐྱེས་པའི་རྗེས་སུ་སེ་རུག་ཡང་ལོ་ཉིས་བརྒྱར་བཞུགས་ཏེ་བུ་དང་བུ་མོ་གཞན་རྣམས་ཀྱང་བསྐྱངས༌སོ།།
24 ནཱ་ཧོར་ལོ་ཉེར་དགུ་ལོན་པའི་དུས་སུ་བུ་ཐ་རཱ༌སྐྱེས།
25 ཐ་རཱ་སྐྱེས་པའི་རྗེས་སུ་ནཱ་ཧོར་ཡང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་བུ་དང་བུ་མོ་གཞན་རྣམས་ཀྱང་བསྐྱངས༌སོ།།
26 ཐ་རཱ་ལོ་བདུན་ཅུ་ལོན་པའི་དུས་སུ་བུ་ཨབ་རམ༌དང༌། ནཱ་ཧོར༌དང༌། ཧཱ་རན་བཅས་སྐྱེས༌སོ།།
27 ཐ་རཱའི་རིགས་རྒྱུད་རྣམས་གཤམ་དུ་བཀོད་པ་འདི་ལྟ༌སྟེ། ཐ་རཱ་ལ་བུ་ཨབ་རམ༌དང༌། ནཱ་ཧོར༌དང༌། ཧཱ་རན་བཅས་སྐྱེས༌ཤིང༌། ཧཱ་རན་ལ་བུ་ལོད་ཐུ༌སྐྱེས། 28 ཧཱ་རན་ནི་ཁོའི་ཕ་སྟེ་ཐ་རཱ་འཇིག་རྟེན་དུ་བཞུགས་དུས་ཚེ་ལས་འདས༌སོ། །གང་དུ་ཞེ༌ན། ཀལ་དི་ཡུལ་དུ་ཡོད་པའི་རང་གི་ཕ་ཡུལ་ཨུར་གྲོང་ཁྱེར་ནས་ཤི༌བའོ།། 29 ཨབ་རམ་དང་ནཱ་ཧོར་གཉིས་ཀྱིས་ཆུང་མ་བླངས༌ཤིང༌། ཨབ་རམ་གྱི་ཆུང་མའི་མིང་ལ་སཱ་ར་ཡུ་ཞེས་ཟེར་བ༌དང༌། ནཱ་ཧོར་གྱི་ཆུང་མའི་མིང་ལ་མིལ་ཀཱ་ཞེས་འབོད༌དོ། །ཁོ་མོ་ནི་ཧཱ་རན་གྱི་བུ་མོ་ཡིན་ཞིང་ཧཱ་རན་ནི་མིལ་ཀཱ་དང་ཡེས་ཀཱ་ཞེས་བྱ་བའི་ཕ་ཡིན༌ནོ།། 30 སཱ་ར་ཡུ་ནི་མོ་གཤམ་ཡིན་པས་བུ་མ་བྱུང༌ངོ༌།།
31 དེ་ནས་ཐ་རཱ་ཡིས་རང་གི་བུ་ཨབ་རམ་དང་རང་གི་ཚ་བོ་སྟེ་ཧཱ་རན་གྱི་བུ་ལོད་ཐུ༌དང༌། གཞན༌ཡང༌། བུ་ཨབ་རམ་གྱི་ཆུང་མ་སཱ་ར་ཡུ་བཅས་ཁྲིད༌དེ། ཀལ་དི་ཡུལ་དུ་ཡོད་པའི་ཨུར་ནས་ཀ་ན་ཨན་ཡུལ་དུ་འགྲོ་བའི་ལམ་ལ༌ཆས། འོན་ཀྱང་ཁོ་རྣམས་ཧཱ་རན་གྲོང་ཁྱེར་དུ་ཕྱིན་ཏེ་བསྡད༌དོ།། 32 ཐ་རཱ་བསྡོམས་པས་ལོ་ཉིས་བརྒྱ་དང་ལྔ་ལ་བཞུགས་ཏེ་ཧཱ་རན་གྲོང་ཁྱེར་དུ་ཚེ་ལས་འདས༌སོ།།
<- བཀོད་པ། 10བཀོད་པ། 12 ->
བཀོད་པ།
*ལེའུ་བཅུ་གཅིག༌པ།:9
པཱ་པེལ་ཞེས་པ་ནི་གྲོང་ཁྱེར་ཞིག་གི་མིང༌སྟེ། འདིར་པཱ་པེལ་ལོན་ཞེས་འབྲི་བའང་ཡོད།