1 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
2 ཀྱེ་མིའི་བུ། ཁྱོད་ཀྱིས་ཡེས་ར་ཨེལ་གྱི་རི་རྣམས་ཀྱི་ཕྱོགས་སུ་འཁོར་ནས་ལུང་སྟོན་ཅིག
3 དེ་དག་ལ་འདི་ལྟར། ཀྱེ་ཡེས་ར་ཨེལ་གྱི་རི་བོ་རྣམས། གཙོ་བོ་ཡ་ཝཱེའི་བཀའ་ལ་ཉོན་ཅིག གཙོ་བོ་ཡ་ཝཱེས་རི་རབ་དང་རི་སྒང་། གྲོག་ཤུར་དང་ལུང་པ་རྣམས་ལ་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ཀྱི་སྟེང་དུ་རལ་གྲི་ཕབ་ནས་ཁྱོད་ཀྱི་མཐོ་གླིང་རྣམས་མེད་པར་བྱ་སྟེ།
4 ཁྱོད་ཅག་གི་མཆོད་ཁྲི་རྣམས་སྟོང་བར་འགྱུར་ལ། ཁྱོད་རྣམས་ཀྱི་སྤོས་ཁྲི་རྣམས་སིལ་བུར་གཏོར་བ་དང་། ངས་ཁྱོད་རྣམས་ལས་སྲོག་དང་ཕྲལ་བའི་མི་རྣམས་ཁྱོད་རྣམས་ཀྱི་སྐུ་འདྲའི་མདུན་དུ་འགྱེལ་བར་བྱའོ། །
5 ཡང་ངས་ཡེས་ར་ཨེལ་པའི་བེམ་པོ་རྣམས་དེ་དག་གི་སྐུ་འདྲའི་མདུན་དུ་བཞག་ནས། ཁྱོད་ཅག་གི་རུས་པ་རྣམས་ཁྱོད་རྣམས་ཀྱི་མཆོད་ཁྲིའི་མཐའ་འཁོར་དུ་གཏོར་བར་བྱའོ། །
6 ཁྱོད་ཅག་སྡོད་པའི་གནས་ཐམས་ཅད་ཀྱི་གྲོང་ཁྱེར་རྣམས་མི་མེད་ལུང་སྟོང་དུ་འགྱུར་ཞིང་། མཐོ་གླིང་རྣམས་བེད་མེད་དུ་བསྐྱུར་ནས། ཁྱོད་རྣམས་ཀྱི་མཆོད་ཁྲི་རྣམས་ཀྱང་དོར་ནས་མི་གཙང་བར་འགྱུར་ལ། ཁྱོད་རྣམས་ཀྱི་སྐུ་འདྲ་རྣམས་བཅག་ནས་མེད་པར་བྱེད་ཅིང་། ཁྱོད་རྣམས་ཀྱི་སྤོས་ཁྲི་རྣམས་བཅད་ནས་ཁྱོད་ཅག་གིས་བཟོས་པ་རྣམས་མེད་པར་བྱའོ། །
7 སྲོག་དང་ཕྲལ་བའི་མི་རྣམས་ཁྱོད་ཅག་གི་ཁྲོད་དུ་འགྱེལ་བར་འགྱུར་ལ། དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར།
8 ཡིན་ཡང་མི་ལྷག་ལུས་རྣམས་ངས་འཇོག་པར་བྱ་སྟེ། ཁྱོད་ཅག་ཡུལ་སོ་སོར་ཁ་འཐོར་དུ་འགྲོ་དུས། ཁྱོད་ཅག་གི་ཁྲོད་ནས་མི་ཁ་ཤས་མི་རིགས་ཀུན་གྱི་རལ་གྲི་ལས་ཐར་བར་འགྱུར་རོ། །
9 དུས་དེར། ཐར་བའི་མི་རྣམས་ཀྱིས་བཙོན་དུ་ཁྲིད་པའི་མི་རིགས་རྣམས་ཀྱི་ཁྲོད་ནས་ང་རང་ཁོ་ཚོའི་ཕྱིར་དུ་ཡིད་ཅི་ལྟར་སྐྱོ་བ་དྲན་པར་འགྱུར་ཏེ། གང་ལ་ཞེ་ན། དེ་དག་གིས་གཡེམ་སྦྱོར་གྱི་སེམས་བསྐྱེད་དེ་ང་རང་དོར་བ་དང་། དེ་དག་གི་ལོག་གཡེམ་གྱི་མིག་ནི་སྐུ་འདྲར་དུངས་པ་ཡིན། དུས་དེར་ཁོ་རྣམས་ནི་རང་གིས་སྤྱད་པའི་སྤྱོད་ངན་དང་། ཁོ་ཚོའི་ཞེན་ལོག་གི་དོན་ཐམས་ཅད་ཀྱི་ཕྱིར་དུ་རང་ཉིད་ལ་སྡང་བར་འགྱུར།
10 དེ་ནས་དེ་དག་གིས་བདག་ནི་ཡ་ཝཱེ་ཡིན་པ་དང་། ངས་ཁོ་ཚོའི་སྟེང་དུ་གནོད་འཚེ་གཏོང་དགོས་ཞེས་སྨྲས་པ་དེ་སྟོང་བཤད་མིན་པ་རྟོགས་པར་འགྱུར་ཞེས་སྨྲོས་ཤིག་ཅེས་གསུངས་སོ། །
11 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་རྐང་རྡབ་ལག་རྡེབ་བྱས་ནས་འདི་ལྟར་སྨྲོས་ཤིག སྐྱོ་བ་ལ། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སྐྱུག་བྲོ་བའི་སྤྱོད་ངན་དག་གི་རྐྱེན་གྱིས་ཁོ་རྣམས་རལ་གྲི་དང་མུ་གེ རིམས་ནད་བཅས་ཀྱི་འོག་ཏུ་འགྱེལ་བར་འགྱུར་ཞེས་པའོ། ། 12 རྒྱང་རིང་དུ་གནས་པ་རྣམས་རིམས་ནད་ཀྱིས་འཆི་ཞིང་། ཉེ་སར་ཡོད་པ་རྣམས་རལ་གྲིའི་འོག་ཏུ་འགྱེལ་བར་འགྱུར་ལ། མཐའ་ནས་བསྐོར་བའི་ལྷག་ལུས་རྣམས་ཀྱང་མུ་གེས་འགེམ་པར་འགྱུར། ངས་དེ་ལྟར་རང་གི་ཁྲོ་གཏུམ་ཆེན་པོ་དེ་དག་གི་སྟེང་དུ་བླུགས་ནས་ཚར་དགོས། 13 དེ་དག་ལས་སྲོག་དང་ཕྲལ་བའི་མི་རྣམས་ཁོ་ཚོའི་སྐུ་འདྲའི་མདུན་དང་། ཁོ་ཚོའི་མཆོད་ཁྲིའི་མཐའ་འཁོར། རི་སྒང་རེ་རེ། རི་རྩེ་རེ་རེ། སྔོ་ལྗང་ལྗང་གི་ལྗོན་ཤིང་རེ་རེ་དང་བེ་ཤིང་སྟུག་པོའི་འོག་སྟེ། དེ་དག་གིས་སྐུ་འདྲ་ཀུན་ལ་དྲི་ཞིམ་གྱི་མཆོད་པ་འབུལ་བའི་གནས་སུ་འགྱེལ་བར་འགྱུར་ཞིང་། དུས་དེར་ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། 14 ཡང་ངས་རང་གི་ལག་པ་བརྐྱངས་ནས་དེ་དག་ལ་རྒོལ་ཞིང་། དེ་དག་སྡོད་པའི་གནས་ཏེ་དབེན་སྟོང་ནས་རིབ་ལཱ་ *ཡི་བར་དུ་མི་མེད་ལུང་སྟོང་དུ་བྱེད་པ་དང་། དེ་ནས་ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་པའོ། །
<- ཨེ་ཟེ་ཀི་ཨེལ། 5ཨེ་ཟེ་ཀི་ཨེལ། 7 ->
ཨེ་ཟེ་ཀི་ཨེལ།
*ལེའུ་དྲུག་པ།:14
རིབ་ལཱ་ཞེས་པ་ནི་ཡེས་ར་ཨེལ་གྱི་བྱང་ཕྱོགས་སུ་ཡོད་པའི་གྲོང་ཚོ་ཞིག་ཡིན།