ལེའུ་སོ་དགུ་པ།
གཱོག་ཕམ་པར་འགྱུར་བ་དང་ཉེས་ཆད་འཕོག་པར་ལུང་སྟོན་པ།
1 ཀྱེ་མིའི་བུ། ཁྱོད་ཀྱིས་གཱོག་ལ་འདི་ལྟར་ལུང་སྟོན་ཅིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་རའོ་ཤ་དང་མེ་ཤེག ཐུ་བཱལ་བཅས་ཀྱི་འགོ་དཔོན་གཱོག་ལགས། ལྟོས་དང་། ངས་ཁྱོད་དགྲ་རུ་འཛིན་ཞིང་། 2 ངས་ཁྱོད་བཟློགས་ཏེ་ཁྱོད་ནི་བྱང་ཕྱོགས་ཀྱི་ས་མཐའ་ནས་ཡར་ཁྲིད་འོངས་ཏེ་ཡེས་ར་ཨེལ་གྱི་རི་རྣམས་ལ་རྒོལ་བར་འཁྲིད་དགོས། 3 དེ་ནས་ངས་ཁྱོད་ཀྱི་གཡོན་ལག་གི་གཞུ་ལ་བརྒྱབ་ནས་ལྷུང་དུ་བཅུག་སྟེ་ཁྱོད་ཀྱི་གཡས་ལག་གི་མདའ་སར་འཕེན་པར་བྱའོ། ། 4 ཁྱོད་ནི་ཡེས་ར་ཨེལ་གྱི་རི་རྣམས་ཀྱི་སྟེང་དུ་འགྱེལ་བར་འགྱུར་ལ། ཁྱོད་ཀྱི་དམག་དཔུང་དང་ཁྱོད་དང་མཉམ་དུ་ཡོད་པའི་མི་རིགས་ཐམས་ཅད་ཀྱང་དེ་ལྟར་འགྱེལ་བར་འགྱུར། ངས་འདབ་ཆགས་ཤ་གཟན་སྣ་ཚོགས་དང་ཐང་གི་གཅན་གཟན་རྣམས་ལ་ཁྱོད་ཁ་ཟས་སུ་སྦྱིན་ནོ། ། 5 ངས་འདི་ལྟར་སྨྲས་ཟིན་པས་ན་ཁྱོད་ནི་ས་སྟོང་དུ་འགྱེལ་བར་འགྱུར་རོ་ཞེས་གཙོ་བོ་ཡ་ཝཱེས་གསུངས། 6 ཡང་མ་གཱོག་དང་མཚོ་རྒྱུད་ས་ཁུལ་དུ་བདེ་བར་སྡོད་པའི་མི་རྣམས་ཀྱི་སྟེང་དུ་ངས་མེ་ལྡུག་པར་བྱ་སྟེ། དེ་ནས་ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། 7 ངས་རང་གི་འབངས་མི་ཡེས་ར་ཨེལ་གྱི་ཁྲོད་དུ་ངའི་མཚན་དམ་པ་དེ་མངོན་པར་འགྱུར་ཞིང་། ངས་རང་གི་མཚན་དམ་པ་ནི་ཡང་བསྐྱར་ཁྱད་དུ་གསོད་པར་མི་བྱའོ། །དེ་ནས་མི་རིགས་ཀུན་གྱིས་བདག་ནི་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དམ་པ་ཉིད་ཡིན་པ་རྟོགས་པར་འགྱུར། 8 ལྟོས་དང་། ཉིན་མོ་དེ་སླེབས་ལ་ཉེ་ཞིང་དོན་རྣམས་འགྲུབ་པར་འགྱུར་ལ། དེ་ནི་ངས་སྨྲས་པའི་ཉིན་མོ་དེའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 9 དེའི་དུས་སུ་ཡེས་ར་ཨེལ་གྱི་གྲོང་ཁྱེར་སོ་སོའི་ཡུལ་མི་རྣམས་ཕྱི་རུ་ཐོན་ནས་མཚོན་ཆ་རྣམས་བུད་ཤིང་བྱས་ཏེ་མེར་བསྲེག་ཅིང་། ཕུབ་ཆེ་ཆུང་གཉིས་ཀ་དང་། གཞུ་དང་། མདའ་དང་། མདུང་ཐུང་དང་། མདུང་རིང་བཅས་ཐམས་ཅད་ལོ་བདུན་གྱི་རིང་ལ་བུད་ཤིང་བྱས་ནས་མེར་བསྲེག་པར་འགྱུར། 10 དེ་དག་གིས་ཐང་ནས་བུད་ཤིང་བཏུ་མི་དགོས་ལ། ནགས་ཚལ་ནས་ཤིང་ཡང་གཅོད་མི་དགོས་ཏེ། གང་ལ་ཞེ་ན། དེ་དག་གིས་མཚོན་ཆ་རྣམས་བུད་ཤིང་བྱས་ནས་མེར་བསྲེག་པའོ། །དེ་དག་གིས་སྔར་རང་ཉིད་འཕྲོག་མཁན་རྣམས་འཕྲོག་ཅིང་། རང་ཉིད་བཅོམ་མཁན་རྣམས་འཇོམས་པར་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
གཱོག་ལ་དུར་ས་སྦྱིན་པ།
11 ཉིན་དེར། ཤར་གྱི་འཆི་མཚོའི་ཕྱོགས་སུ་འགྲོ་བའི་མི་རྣམས་བརྒྱུད་པའི་ལུང་པ་རུ། ངས་ཡེས་ར་ཨེལ་གྱི་ཡུལ་དུ་གཱོག་ལ་དུར་ས་ཞིག་སྦྱིན་ཏེ། དུར་ས་འདིས་ལམ་དེ་བརྒྱུད་ནས་འགྲོ་མཁན་རྣམས་ཀྱི་ལམ་འགོག་པ་ཡིན། གང་ལ་ཞེ་ན། གནས་དེར་གཱོག་དང་དེའི་དམག་དཔུང་རྣམས་དུར་དུ་སྦས་ཡོད་པས། གནས་དེ་ལ་ཧ་མོན་གཱོག་ལུང་པ་ཞེས་འདོགས་པར་འགྱུར། 12 གནས་དེ་གཙང་མར་བཟོ་བའི་ཆེད་དུ་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱིས་ཟླ་བདུན་གྱི་རིང་ལ་དེ་རྣམས་དུར་དུ་སྐུང་བར་འགྱུར་ཞིང་། 13 ཡུལ་དེའི་མི་ཀུན་གྱིས་དེ་རྣམས་དུར་དུ་སྐུང་བར་འགྱུར་བ་དང་། དེ་ནི་ང་ལ་གཟི་བརྗིད་འཐོབ་པའི་དུས་ཡིན་ལ། ཡེས་ར་ཨེལ་པ་རྣམས་ལའང་དེའི་རྐྱེན་གྱིས་མཚན་སྙན་འཐོབ་པར་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས། 14 ཡང་དེ་དག་གིས་རྒྱུན་དུ་མི་མངགས་ཏེ་གནས་དེར་འགྲུལ་བར་བྱ་ཞིང་། གནས་དེ་གཙང་མར་བཟོ་བའི་ཆེད་དུ། ལམ་པ་དང་མཉམ་དུ་ད་དུང་གནས་དེར་ལུས་པའི་བེམ་པོ་རྣམས་དུར་དུ་སྐུང་བར་འགྱུར་བ་དང་། ཟླ་བདུན་འགོར་ཡང་ཁོ་ཚོས་ད་དུང་མུ་མཐུད་དུ་འཚོལ་བར་བྱའོ། ། 15 དུར་དུ་སྐུང་མཁན་རྣམས་འོངས་ཏེ་ཀེང་རུས་རྣམས་ཧ་མོན་གཱོག་ལུང་པར་སྐུང་བའི་བར་དུ། ཁོ་ཚོ་གནས་དེར་འགྲུལ་ཞིང་། མི་ཡི་ཀེང་རུས་མཐོང་ཚེ་དེའི་གམ་དུ་རྟགས་རྒྱག་པ་ཡིན། 16 ཡང་གནས་དེ་རུ་ཧ་མོ་ནཱ་ཞེས་པའི་གྲོང་ཁྱེར་ཞིག་ཀྱང་ཡོད་དེ། ཁོ་ཚོས་ལུགས་དེ་བཞིན་དུ་ཡུལ་དེ་གཙང་མར་བཟོ་བར་བྱའོ་ཞེས་པའོ། ། 17 ཀྱེ་མིའི་བུ། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་བྱ་སྣ་ཚོགས་དང་ཐང་གི་གཅན་གཟན་རྣམས་ལ་འདི་ལྟར་སྒོས་ཤིག ཁྱོད་རྣམས་མཉམ་དུ་འདུས་ཤིག ཕྱོགས་བཞི་ནས་འདུས་ཏེ་ངས་ཁྱོད་ཚོའི་ཆེད་དུ་གྲ་སྒྲིག་བྱས་པའི་མཆོད་རྫས་ཟོ་ཞིག་དང་། ཁྱོད་རྣམས་ཀྱིས་ཤ་བཟའ་བ་དང་ཁྲག་འཐུང་བའི་ཆེད་དུ། ཡེས་ར་ཨེལ་གྱི་རི་རྣམས་སུ་མཆོད་པའི་མཛད་སྒོ་ཆེན་པོ་ཞིག་སྤེལ་བར་འགྱུར། 18 ལུག་ཐུག་དང་ལུ་གུ། ར་ཐུག བ་གླང་བཅས་ཐམས་ཅད་པཱ་ཤན་གྱི་ཕྱུགས་ཤ་ཤེད་ཅན་རྣམས་ཡིན་ལ། ཁྱོད་ཚོས་དེ་དག་གི་ཤ་བཟའ་བ་དང་ཁྲག་འཐུང་བ་བཞིན་དུ། དཔའ་བོ་རྣམས་ཀྱི་ཤ་བཟའ་ཞིང་ཡུལ་དེའི་འགོ་དཔོན་རྣམས་ཀྱི་ཁྲག་འཐུང་ངོ་། ། 19 ངས་ཁྱོད་ཅག་གི་ཆེད་དུ་གྲ་སྒྲིག་བྱས་པའི་མཆོད་པ་ལས་ཁྱོད་ཚོས་སྣུམ་དང་ཚིལ་རྒྱགས་པ་ཟ་ཞིང་། ཁྲག་ཡིད་ཚིམ་པ་ཞིག་འཐུང་བར་འགྱུར། 20 ཁྱོད་ཚོས་ངའི་གསོལ་ལྕོག་སྟེང་དུ་རྟ་དང་རྟ་དམག དཔའ་བོ། དམག་ཐམས་ཅད་ཟོས་ནས་འགྲང་བར་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས་པའོ། ། 21 ངས་མི་རིགས་ཀུན་གྱི་ནང་དུ་བདག་གི་གཟི་བརྗིད་མངོན་པར་བྱ་ཞིང་། མི་རིགས་ཀུན་གྱིས་ངས་བཅད་པའི་ཉེས་ཆད་དང་ངས་ཁོ་ཚོའི་སྟེང་དུ་བཞག་པའི་ལག་པ་མཐོང་བར་འགྱུར། 22 དེ་བཞིན་ཉིན་དེ་ནས་བཟུང་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱིས་བདག་ནི་ཁོ་ཚོའི་དཀོན་མཆོག་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ལ། 23 མི་རིགས་ཀུན་གྱིས་ཀྱང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ནི་རང་གི་སྡིག་པའི་རྐྱེན་གྱིས་བཙོན་དུ་ཁྲིད་པ་རྟོགས་པར་འགྱུར། དེ་ཚོ་ང་ལ་བློ་མི་དཀར་བས་ངས་རང་གི་གདོང་ནི་དེ་དག་གི་ཕྱོགས་སུ་སྦས་ནས། དེ་དག་དགྲ་བོའི་ལག་ཏུ་གཏད་ཅིང་ཐམས་ཅད་རལ་གྲིའི་འོག་ཏུ་འགྱེལ་བའོ། ། 24 ངས་ནི་ཁོ་ཚོའི་མི་གཙང་བ་དང་ཉེས་སྐྱོན་བཞིན་དུ་ཁོ་ཚོར་ལན་འཇལ་ཞིང་། རང་གི་གདོང་ཡང་དེ་དག་གི་ཕྱོགས་སུ་སྦས་པ་ཡིན་ནོ། ། 25 དེའི་ཕྱིར་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ད་ལྟ་ངས་ཡ་ཀོབ་ལས་བཙོན་དུ་ཁྲིད་པ་རྣམས་ཕྱིར་ལོག་པར་བྱ་ཞིང་། ངས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཡོངས་ལ་སྙིང་རྗེ་བསྐྱེད་ནས། ངའི་མཚན་དམ་པའི་ཆེད་དུ་སེམས་ཤུགས་ཆེན་པོ་བསྐྱེད་པར་འགྱུར། 26 དེ་རྣམས་རང་གི་གནས་སུ་བདེ་བར་སྡོད་ཅིང་འཇིགས་སྐུལ་མཁན་མེད་པའི་དུས་སུ། རང་རང་གི་ངོ་ཚ་དང་ང་ལ་བློ་མི་དཀར་བའི་སྡིག་པ་ཡོད་ཚད་འཁུར་དགོས། 27 ངས་དེ་དག་མི་ཀུན་ལས་ཁྲིད་འོང་ཞིང་དགྲ་བོའི་ཡུལ་ནས་བསྡུ་བའི་དུས་སུ། ངས་རང་ཉིད་དམ་པ་ཡིན་པ་ཁོ་ཚོའི་སྟེང་ནས་མི་མང་པོ་ཞིག་ལ་སྟོན་པར་བྱ། 28 ངས་ཁོ་རྣམས་ཡུལ་སོ་སོར་བཙོན་ལ་འཁྲིད་དུ་བཅུག་པ་དང་། ཕྱིས་སུ་ཁོ་རྣམས་བསྡུས་ནས་རང་ཡུལ་དུ་ལོག་ཅིང་། གཅིག་ཀྱང་ཡུལ་ཁམས་རྣམས་སུ་སླར་ཡང་ལུས་པར་མི་བྱ། དེ་ནས་ཁོ་ཚོས་བདག་ནི་ཁོ་ཚོའི་དཀོན་མཆོག་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། 29 ངས་རང་གི་ཐུགས་ཉིད་ནི་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ནང་དུ་བླུགས་པས། ད་ཕྱིན་ཆད་རང་གི་གདོང་ནི་དེ་དག་གི་ཕྱོགས་སུ་སྦ་བར་མི་བྱའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་པའོ། །
<- ཨེ་ཟེ་ཀི་ཨེལ། 38ཨེ་ཟེ་ཀི་ཨེལ། 40 ->
ཨེ་ཟེ་ཀི་ཨེལ།