ལེའུ་བཅོ་ལྔ་པ།
རྒུན་འབྲུམ་ཤིང་གི་དཔེ།
1 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 2 ཀྱེ་མིའི་བུ། རྒུན་འབྲུམ་ཤིང་གི་ཤིང་ཆ་ནི་ནགས་ཚལ་གྱི་ཡལ་ག་ལས་ཅི་ལྟར་བརྒལ་ལམ། 3 མི་ཡིས་རྒུན་འབྲུམ་ཤིང་ལས་ཤིང་ཆ་བླངས་ཏེ་དངོས་པོ་བཟོ་ཐུབ་བམ། ཡང་ན་རྒུན་འབྲུམ་ཤིང་ལས་ཤིང་ཆ་བླངས་ཏེ་འཛེར་མ་བཟོས་ནས་སྣོད་འགེལ་ཐུབ་བམ། 4 ལྟོས་དང་། དེ་ནི་འབུད་ཤིང་བྱས་ནས་མེའི་ནང་ལ་གཡུགས་པ་སྟེ། མེ་ཡིས་དེའི་མགོ་མཇུག་གཉིས་པོ་ཚིག་པར་མ་ཟད་གཞུང་ཡང་ཚིག་པས། དེ་ལས་ད་དུང་དངོས་པོ་བཟོ་ནུས་སམ། 5 ལྟོས་དང་། དེ་ཆ་ཚང་ཡིན་དུས་སུའང་དངོས་པོ་གང་ཞིག་ཀྱང་བཟོ་མི་ཐུབ་ན། མེར་བསྲེགས་ནས་ཚིག་པར་གྱུར་ཚེ་དེས་དངོས་པོ་ཅི་ཞིག་བཟོ་ཐུབ་བམ་ཞེས་གསུངས་སོ། ། 6 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་ནགས་ཚལ་གྱི་རྒུན་འབྲུམ་ཤིང་འབུད་ཤིང་དུ་མེ་རུ་གཡུགས་པ་བཞིན་དུ། ཡེ་རུ་སཱ་ལེམ་གྱི་མི་རྣམས་ལའང་དེ་ལྟར་བྱ་སྟེ། 7 ངས་གདོང་མདོག་འགྱུར་ནས་དེ་དག་ལ་རྒོལ་ཞིང་། དེ་རྣམས་མེ་ལས་ཐར་ན་ཡང་། མེས་དེ་རྣམས་སྔར་བཞིན་ཁྱུར་མིད་གཏོང་བར་འགྱུར་ཏེ། ངས་གདོང་མདོག་འགྱུར་ནས་དེ་དག་ལ་རྒོལ་དུས་སུ། ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞིང་། 8 དེ་དག་གིས་བློ་མི་དཀར་བའི་ལས་སྤྱད་པས། ངས་ཡུལ་འདི་ནི་སྟོང་བར་བྱའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
<- ཨེ་ཟེ་ཀི་ཨེལ། 14ཨེ་ཟེ་ཀི་ཨེལ། 16 ->
ཨེ་ཟེ་ཀི་ཨེལ།