Link to home pageLanguagesLink to all Bible versions on this site

༄༅། །ལུང་སྟོན་པ་ཨེ་ཟེ་ཀི་ཨེལ་གྱི་མདོ།
ལུང་སྟོན་པ་ཨེ་ཟེ་ཀི་ཨེལ་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་ཨེ་ཟེ་ཀི་ཨེལ་གྱི་མིང་ནས་ཐོགས་པ་དང་། ཨེ་ཟེ་ཀི་ཨེལ་ཞེས་པ་ནི་དཀོན་མཆོག་སྟོབས་དང་ལྡན་ཞེས་པའི་དོན་ཡིན། སྤྱི་ལོ་སྔོན་གྱི་588ལོ་དང་586ལོའི་ནང་དུ་པཱ་པེལ་ལོན་པ་རྣམས་ཀྱིས་ཡེ་རུ་སཱ་ལེམ་གྲོང་ཁྱེར་དབང་དུ་བསྡུས་ནས་གྲོང་ཁྱེར་དང་མཆོད་ཁང་མེ་ལ་བསྲེགས་ཏེ། ཡེས་ར་ཨེལ་གྱི་རྒྱལ་པོའི་ལམ་ལུགས་མཇུག་བསྡུས་ཤིང་། རྒྱལ་པོ་དཱ་བིད་ཀྱི་གྲོང་ཁྱེར་དང་གཙོ་བོའི་མཆོད་ཁང་མེད་པར་བཏང་།
ཡི་གེར་འགོད་མཁན་དང་འགོད་དུས།
ཨེ་ཟེ་ཀི་ཨེལ་ནི་སྤྱི་ལོ་སྔོན་གྱི་597ལོར་ནེ་བོ་ཀད་ནེ་ཙར་གྱིས་ཡ་ཧུ་དཱ་པ་སུམ་སྟོང་ལྷག་པཱ་པེལ་ལོན་དུ་བཙན་ཁྲིད་བྱས་པའི་གྲས་སུ་ཚུད། དེ་དག་གི་གྲས་སུ་དཀོན་མཆོག་གིས་ཁོ་རང་ལུང་སྟོན་པ་ཞིག་བྱེད་པར་ཞལ་འབོད་གནང་། བཙན་ཁྲིད་བྱས་པ་རྣམས་ལ་མཆོད་དཔོན་ལུང་སྟོན་པ་ཞིག་ཞལ་འབོད་གནང་ནས་ཞབས་ཕྱི་བསྒྲུབ་དགོས་པ་བཞིན། ཨེ་ཟེ་ཀི་ཨེལ་གྱིས་ལུང་བསྟན་གནང་བས་ཁོང་གི་གསུང་འཕྲིན་རྣམས་མཆོད་ཁང་དང་དེའི་ཆོ་ག་རྣམས་ལ་འབྲེལ་བ་དམ་པོ་ཡོད། ཨེ་ཟེ་ཀི་ཨེལ་ཞེས་པའི་གཞུང་གི་ནང་དུ་དམ་པའི་གསུང་རབ་ཀྱི་གཞུང་གཞན་དག་ལས་ཀྱང་ཟླ་ཚེས་མང་པོ་བཀོད་ཡོད་སྟབས། དེའི་ལུང་བསྟན་གྱི་ཟླ་ཚེས་རྣམས་ལ་ལྷག་ཏུ་ཞིབ་ཆ་ལྡན། ཨེ་ཟེ་ཀི་ཨེལ་གྱིས་ཕྱག་ལས་གནང་བའི་དུས་སྐབས་དེ་ནི་ཡེ་རུ་སཱ་ལེམ་གྱི་ཆེས་མུན་ནག་གི་དུས་སྐབས་ལ་ཁེལ་ཡོད། ཁོང་གི་གསུང་འཕྲིན་རྣམས་གཏན་ལ་ཕབ་པའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་593ནས་571ལོའི་བར་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཨེ་ཟེ་ཀི་ཨེལ་གྱི་གཞུང་དུ་ཕྱི་ནང་གི་སྣོད་བཅུད་ཐམས་ཅད་ལ་དཀོན་མཆོག་གིས་དབུ་ཁྲིད་དང་ཚོད་འཛིན་གནང་ཡོད་པའི་སྐོར་ཞིབ་ཆ་ལྡན་ཞིང་དར་ཁྱབ་ཆེ་ལ་དེ་ལྟ་བུ་ཞིག་དམ་པའི་གསུང་རབ་ཀྱི་གཞུང་གང་དུའང་མེད། མི་རྣམས་ཀྱིས་དཀོན་མཆོག་ངོ་ཤེས་པ་དང་ངོས་ལེན་བྱ་རྒྱུ་ནི་བླ་ན་མེད་པའི་དཀོན་མཆོག་ཁོང་གི་ཐུགས་དགོངས་ཡིན། དེའི་རྒྱུ་མཚན་ནི་ཁོ་ཚོས་ང་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་ཨེ་ཟེ་ཀི་ཨེལ་གྱི་གཞུང་དུ་ཡོད་པའི་གསུང་དུམ་མམ་ཡང་ན་དེ་དང་མཚུངས་པའི་གསུང་དུམ་གཞན་རྣམས་ང་ཚོས་ཐེངས་དྲུག་ཅུ་རེ་ལྔར་བཀླགས་མྱོང་བ་ཡིན། དཀོན་མཆོག་གི་དབང་ཐམས་ཅད་ནི་ཁོང་ཆིབས་ཞབས་བསྒྱུར་བ་ལས་མངོན་པ་ཡིན། དཔེར་ན། ཁོང་ནི་མཆོད་ཁང་ནང་འབའ་ཞིག་ཏུ་བཞུགས་པ་མ་ཡིན་ཏེ། འཕྲལ་རྐྱེན་ཅི་འདྲར་ཕྲད་ཀྱང་ཁོང་གིས་རང་གི་མི་རྣམས་ལ་འགན་ཐེག་པ་རེད།
འཆར་ཟིན།
1. ཨེ་ཟེ་ཀི་ཨེལ་ལ་ཞལ་འབོད་གནང་བ་དང་བཀའ་བསྒྲག་པར་མངགས་པ། ༼1:1-3:27༽
2. ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གཉིས་ལ་ཉེས་ཆད་བཅད་པའི་སྐོར། ༼4:1-24:27༽
3. རྒྱལ་ཕྲན་རྣམས་ལ་ཉེས་ཆད་བཅད་པའི་སྐོར། ༼25:1-32:32༽
4. ཡང་བསྐྱར་དར་བར་སྟ་གོན་མཛད་པ། ༼33:1-39:29༽
5. བསྙེན་བཀུར་བྱེད་སྟངས་སླར་གསོ་བྱས་པའི་སྐོར། ༼40:1-48:35༽

ལེའུ་དང་པོ།
ཨེ་ཟེ་ཀི་ཨེལ་གྱིས་མཐོང་བའི་ཞལ་གཟིགས།
1 དེ་ཡང་ལོ་སུམ་ཅུ་པའི་ཟླ་བཞི་པའི་ཚེས་ལྔ་ཉིན་ལ། ང་རང་ཀེ་བར་ཡུར་བའི་འགྲམ་དུ་ཡོད་དུས། ནམ་མཁའི་སྒོ་མོ་ཕྱེས་ནས་ངས་དཀོན་མཆོག་གི་ཞལ་གཟིགས་མཐོང་བ་དང་། དུས་དེར་ང་ནི་བཙོན་དུ་ཁྲིད་པའི་མི་རྣམས་ཀྱི་ཁྲོད་དུ་ཡོད་དོ། ། 2 ཡང་རྒྱལ་པོ་ཡེ་ཧོ་ཡཱ་ཀིན་བཙོན་དུ་ཁྲིད་པའི་ལོ་ལྔ་པའི་ཟླ་བཞི་པ་ཡི་ཚེས་ལྔ་ཉིན་ལ། 3 ཀལ་དི་པའི་ཡུལ་ཁམས་ཀྱི་ཀེ་བར་ཡུར་བའི་འགྲམ་དུ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་བུ་ཟིའི་བུ་སྟེ་མཆོད་དཔོན་ཨེ་ཟེ་ཀི་ཨེལ་ལ་དངོས་སུ་བྱུང་བ་སྟེ། དཀོན་མཆོག་ཡ་ཝཱེའི་ཕྱག་ནི་ཁོའི་སྟེང་དུ་བཞག་པའོ། ། 4 དེ་ནས་ངས་བལྟས་པ་ལ། བྱང་ཕྱོགས་ནས་རླུང་དམར་ཞིག་གཡུགས་འོངས་པ་དང་བཅས། མེ་ལྕེ་ཁྱུག་པའི་སྤྲིན་ཕུང་ཆེན་པོ་ཞིག་མཐོང་བ་དང་། དེའི་མཐའ་བཞི་ནས་འོད་ཟེར་འཕྲོས་ཤིང་། སྤྲིན་གྱི་མེ་ལྕེའི་ནང་དུ་འོད་འཕྲོ་བའི་ལྕགས་རིགས་ཡོད་པ་དང་འདྲ་སྟེ། 5 མེ་ལྕེ་དེའི་ནང་དུ་སེམས་ཅན་བཞི་ཡི་རྣམ་པ་ཤར་བྱུང་ལ། དེ་དག་གི་རྣམ་པ་ནི་འདི་ལྟ་སྟེ། དེ་ཐམས་ཅད་ལ་མིའི་གཟུགས་དབྱིབས་ཡོད་པ་དང་། 6 དེ་དག་རེ་རེ་ལ་གདོང་བཞི་དང་། གཤོག་པ་བཞི་རེ་ཡོད་དེ། 7 དེ་དག་གི་རྐང་པ་ནི་དྲང་པོ་ཡིན་ལ། རྐང་མཐིལ་ནི་བ་ཕྲུག་གི་རྨིག་པ་དང་འདྲ་ཞིང་། ཡོད་ཚད་འོད་ཟེར་འཕྲོ་ཞིང་གཡའ་དག་པའི་ལི་དང་འདྲའོ། ། 8 ཡང་དེ་དག་གི་ཕྱོགས་བཞི་ཡི་གཤོག་པའི་འོག་ཏུ་མི་ཡི་ལག་པ་ཡོད་དེ། སེམས་ཅན་བཞི་པོའི་གདོང་དང་གཤོག་པ་ནི་འདི་ལྟ་སྟེ། 9 དེ་དག་གི་གཤོག་པ་ནི་ཕན་ཚུན་འབྲེལ་ཞིང་། འགྲོ་སྐྱོད་བྱེད་དུས་ཁ་ཕྱིར་འཁོར་མི་དགོས་ལ། ཐམས་ཅད་མདུན་དུ་སྐྱོད་པ་ཡིན། 10 ཡང་དེ་དག་གི་གདོང་གི་རྣམ་པ་ནི། སེམས་ཅན་བཞི་པོར་མི་ཡི་གདོང་ཡོད་པ་དང་། གཡས་ཕྱོགས་སུ་རེ་རེར་སེང་གེའི་གདོང་དང་། གཡོན་ཕྱོགས་སུ་རེ་རེར་གླང་གི་གདོང་ཡོད་དེ། རྒྱབ་ཏུ་རེ་རེར་གླག་གི་གདོང་ཡོད་དོ། ། 11 ཡང་དེ་དག་གི་གདོང་ནི་འདི་ལྟ་སྟེ། དེ་དག་རེ་རེས་གོང་གི་གཤོག་པ་གཉིས་བརྐྱངས་ཏེ་ཕན་ཚུན་སྦྲེལ་བ་དང་། འོག་གི་གཤོག་པ་གཉིས་ཀྱིས་ལུས་པོ་བསྒྲིབས་པའོ། ། 12 དེ་དག་རེ་རེ་ནི་མདུན་དུ་སྐྱོད་པ་དང་། ཐུགས་ཉིད་གང་དུ་ཕེབས་ན་དེ་དག་ཀྱང་དེ་རུ་སྐྱོད་ཅིང་། དེ་དག་སྐྱོད་དུས་ཁ་ཕྱིར་འཁོར་མི་དགོས་སོ། ། 13 སེམས་ཅན་བཞི་པོའི་རྣམ་པ་ནི་མེ་འབར་བའི་སོལ་བ་དང་འདྲ་ཞིང་། ཡང་དཔལ་འབར་དང་མཚུངས་པ་ཡིན། མེ་ལྕེ་དེ་ནི་སེམས་ཅན་བཞི་པོའི་དཀྱིལ་དུ་གང་སར་རྒྱུ་བ་དང་། མེ་དེ་ཤིན་ཏུ་གསལ་ཞིང་དེ་ལས་གློག་འཁྱུག་ལ། 14 གློག་འཁྱུག་པ་བཞིན་སེམས་ཅན་བཞི་པོ་ཕར་ཚུར་རྒྱུ་བའོ། །
འཁོར་ལོ་བཞི།
15 ངས་སེམས་ཅན་དེ་དག་ལ་ལྟ་དུས། སེམས་ཅན་བཞི་པོའི་ལོགས་སུ་ས་ལ་ཐུག་པའི་འཁོར་ལོ་བཞི་ཡོད་པ་མཐོང་སྟེ། 16 འཁོར་ལོ་བཞི་པོའི་དབྱིབས་དང་གྲུབ་ཚུལ་ནི་རྣམ་པ་གཅིག་ཡིན་པ་དང་། དེ་དག་ནི་འོད་ཟེར་ལྡན་པའི་བཻཌཱུརྱ་ལྗང་སེར་དང་མཚུངས་ཤིང་། ཡང་འཁོར་ལོ་རྣམས་ཕན་ཚུན་བསྣོལ་ཡོད་པ་འདྲ། 17 འཁོར་ལོ་དེ་དག་སྐྱོད་དུས་སུ་ཕྱོགས་བཞི་རུ་སྐྱོད་ནུས་ཤིང་ཁ་ལོ་བསྒྱུར་མི་དགོས་ལ། 18 འཁོར་ལོའི་མུ་ཁྱུད་ཤིན་ཏུ་མཐོ་ཞིང་འཇིགས་སུ་རུང་བ་ཞིག་ཡིན་ཏེ། འཁོར་ལོའི་མུ་ཁྱུད་བཞི་པོའི་སྟེང་དུ་མིག་གིས་ཁེངས་ཡོད། 19 ཡང་སེམས་ཅན་དེ་དག་སྐྱོད་དུས་དེ་དག་གི་ལོགས་སུ་ཡོད་པའི་འཁོར་ལོ་རྣམས་ཀྱང་མཉམ་དུ་སྐྱོད་ཅིང་། སེམས་ཅན་དེ་དག་ས་ལས་འཕགས་དུས་འཁོར་ལོ་རྣམས་ཀྱང་མཉམ་དུ་འཕགས་པ་ཡིན། 20 ཐུགས་ཉིད་གང་དུ་ཕེབས་ན་སེམས་ཅན་རྣམས་དེ་རུ་འགྲོ་ཞིང་། འཁོར་ལོ་དག་ཀྱང་མཉམ་དུ་འཕགས་པ་ཡིན། གང་ལ་ཞེ་ན། སེམས་ཅན་རྣམས་ཀྱི་ཐུགས་ཉིད་ནི་འཁོར་ལོའི་ནང་དུ་ཡོད་པའོ། ། 21 སེམས་ཅན་རྣམས་སྐྱོད་དུས་འཁོར་ལོ་དག་ཀྱང་མཉམ་དུ་སྐྱོད་པ་དང་། སེམས་ཅན་རྣམས་ལངས་ནས་སྡོད་དུས་འཁོར་ལོ་དག་ཀྱང་ལངས་འདུག་པ་ཡིན། སེམས་ཅན་རྣམས་ས་ལས་འཕགས་དུས་འཁོར་ལོ་རྣམས་ཀྱང་མཉམ་དུ་འཕགས་པ་ཡིན། གང་ལ་ཞེ་ན། སེམས་ཅན་རྣམས་ཀྱི་ཐུགས་ཉིད་ནི་འཁོར་ལོའི་ནང་དུ་ཡོད་པའོ། ། 22 སེམས་ཅན་རྣམས་ཀྱི་གཙུག་ཏུ་ནམ་མཁའི་དབྱིབས་དང་འདྲ་བའི་གཟུགས་བརྙན་ཞིག་ཡོད་ཅིང་། འོད་ཟེར་འཕྲོ་བའི་ཆུ་ཤེལ་བཞིན་ཤིན་ཏུ་འཇིགས་སུ་རུང་བ་དང་། དེ་དག་ནི་སེམས་ཅན་རྣམས་ཀྱི་གཙུག་ཏུ་ཁྱབ་པ་ཡིན། 23 ནམ་མཁའི་འོག་ཏུ་སེམས་ཅན་རྣམས་ཀྱི་གཤོག་པ་ནི་དྲང་པོར་བརྐྱངས་ཏེ་ཕན་ཚུན་ཐུག་ནས། རེ་རེས་གཤོག་པ་གཉིས་ཀྱིས་ལུས་པོ་བསྒྲིབས་པ་ཡིན། 24 སེམས་ཅན་རྣམས་སྐྱོད་དུས་སུ་ངས་དེ་དག་གི་གཤོག་སྒྲ་ཐོས་པ་ནི་ཆུ་ལོག་གི་སྒྲ་དང་ཀུན་དབང་ཉིད་ཀྱི་གསུང་སྐད། དཔུང་ཚོགས་ཀྱིས་ཅ་ཅོ་སྒྲོག་པ་བཞིན་ཡིན་ནོ། །ཡང་དེ་དག་ལངས་ནས་སྡོད་དུས་གཤོག་པ་ཐུར་དུ་འཕྱང་ངོ་། ། 25 དེ་ཚོའི་མགོ་ཐོག་གི་ནམ་མཁའ་ནས་གསུང་སྐད་ཅིག་བྱུང་ཞིང་། དེ་དག་ལངས་ནས་སྡོད་དུས་གཤོག་པ་ནི་ཐུར་དུ་འཕྱང་བ་ཡིན།
དཀོན་མཆོག་ཡ་ཝཱེའི་གཟི་བརྗིད།
26 དེ་ཚོའི་མགོ་ཐོག་གི་ནམ་མཁའི་ཡང་སྟེང་དུ། རིན་ཆེན་སྔོན་པོ་དང་འདྲ་བའི་བཞུགས་ཁྲིའི་དབྱིབས་ཡོད་དེ། བཞུགས་ཁྲིའི་དབྱིབས་དེའི་སྟེང་དུ་མི་ཡི་བཟོ་ལྟ་དང་འདྲ་བའི་གཟུགས་བརྙན་ཞིག་ཡོད་དོ། ། 27 ངས་དེའི་རྐེད་པའི་ཡན་ཆད་ནི་འོད་འཕྲོ་བའི་ལྕགས་རིགས་དང་འདྲ་ཞིང་། མེ་ཡིས་དེའི་ཕྱོགས་བཞིར་བསྐོར་ཡོད་པ་མཐོང་བ་དང་། ཡང་ངས་དེའི་རྐེད་པའི་མན་ཆད་ནི་མེ་ཡི་དབྱིབས་ལྟ་བུ་ཡོད་པ་དང་། འོད་ཟེར་གྱིས་ཁོང་གི་མཐའ་ནས་བསྐོར་ཡོད་པ་མཐོང་བྱུང་། 28 ཆར་དུས་སུ་སྤྲིན་པའི་ཁྲོད་ཀྱི་འཇའ་ཚོན་ཇི་ལྟར་ཡིན་ན། ཁོང་གི་མཐའ་ནས་བསྐོར་བའི་འོད་ཟེར་ཡང་དེ་ལྟར་ཡིན་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་ལྡན་པའི་སྣང་བརྙན་ལགས་ཏེ། ངས་དེ་མཐོང་བ་ཙམ་གྱིས་ཁ་ས་ལ་གཏད་པ་དང་། དེ་ནས་གསུང་སྐད་ཅིག་ཐོས་བྱུང་ངོ་། །

ཨེ་ཟེ་ཀི་ཨེལ། 2 ->