Link to home pageLanguagesLink to all Bible versions on this site
ལེའུ་བཞི་བཅུ་པ།
གུར་མཆོག་བསྒྲེངས་པའི་སྐོར།
1 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ་སྟེ། 2 ཟླ་དང་པོའི་ཚེས་གཅིག་ཉིན། ཁྱོད་ཀྱིས་གུར་མཆོག་སྟེ་མཇལ་འཕྲད་གུར་མཆོག་བསྒྲེང་དགོས་ཤིང་། 3 དེའི་ནང་དུ་དཔང་མཛད་ཤུར་སྒམ་བཞག་ནས། སྒམ་དེའི་མདུན་དུ་ཡོལ་བ་དཔྱང་བར་གྱིས་ཤིག 4 ཁྱོད་ཀྱིས་གུར་མཆོག་ཏུ་སྒྲོག་ཙེ་བཞག་སྟེ། དེའི་སྟེང་དུ་རྫས་གང་དགོས་པ་རྣམས་བཤམ་པར་བྱའོ། །སྒྲོན་སྟེགས་ཀྱང་ནང་དུ་ཁྱེར་ལ། དེའི་སྟེང་དུ་སྒྲོན་མེ་རྣམས་སྒྲིགས་ཤིག 5 ཁྱོད་ཀྱིས་གསེར་གྱི་སྤོས་ཁྲི་ནི་དཔང་མཛད་ཤུར་སྒམ་གྱི་མདུན་དུ་ཞོག་དང་། གུར་མཆོག་གི་སྒོ་ཡོལ་ཕོབས་ཤིག 6 ཡང་སྦྱིན་སྲེག་གི་མཆོད་ཁྲི་ནི་གུར་མཆོག་སྟེ་མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ་ཞོག་ཅིག 7 ཡང་ཁྲུས་གཞོང་ནི་མཇལ་འཕྲད་གུར་མཆོག་དང་མཆོད་ཁྲིའི་བར་ལ་བཞག་ནས། ནང་དུ་ཆུ་བླུགས་ཤིག 8 ཡང་དེའི་མཐའ་བཞི་ལ་ཁྱམས་རས་བསྐོར་བ་དང་། ཁྱམས་རའི་སྒོ་ཡོལ་ཡང་དཔྱང་བར་གྱིས་ཤིག 9 དེ་ནས་གུར་མཆོག་དང་དེའི་ནང་དུ་ཡོད་པའི་ཡོ་བྱད་ཐམས་ཅད་ལ་འབྱུག་སྣུམ་གྱིས་བྱུགས་དང་། དེ་དང་དེའི་ཡོ་བྱད་ཐམས་ཅད་ཀྱང་དམ་པར་བྱོས་ཤིག ཡོངས་སུ་དམ་པར་འགྱུར་བ་ཡིན། 10 སྦྱིན་སྲེག་གི་མཆོད་ཁྲི་དང་དེའི་ཡོ་བྱད་རྣམས་ལ་འབྱུག་སྣུམ་གྱིས་བྱུགས་ནས་མཆོད་ཁྲི་དམ་པར་བྱོས་དང་། མཆོད་ཁྲི་དེ་ཀུན་ལས་དམ་པ་ཡིན་པར་བྱའོ། ། 11 ཡང་ཁྲུས་གཞོང་དང་དེའི་སྟེགས་བུ་ལ་འབྱུག་སྣུམ་གྱིས་བྱུགས་ཏེ་དམ་པར་བྱོས་ཤིག 12 ཡང་ཨ་རོན་དང་དེའི་བུ་རྣམས་མཇལ་འཕྲད་གུར་མཆོག་གི་སྒོ་མདུན་དུ་ཁྲིད་ནས། ཁོ་རྣམས་ཆུས་བཀྲུ་དགོས། 13 ཁྱོད་ཀྱིས་ཨ་རོན་ལ་ན་བཟའ་དམ་པ་རྣམས་བསྐོན་ནས། ང་ལ་མཆོད་དཔོན་གྱི་ཞབས་ཕྱི་བྱེད་པའི་ཕྱིར་འབྱུག་སྣུམ་གྱིས་བྱུགས་པ་དང་། ཁོ་རང་དམ་པར་བྱོས་ཤིག 14 ཡང་ཁོའི་བུ་རྣམས་ཀྱང་སྒོ་མདུན་དུ་ཁྲིད་དེ་ནང་གོས་རྣམས་དེ་དག་ལ་སྐོན་ཅིག 15 ཁོ་རང་ཚོས་ཀྱང་ང་ལ་མཆོད་དཔོན་གྱི་ཞབས་ཕྱི་བྱེད་པའི་ཕྱིར། སོ་སོའི་ཕ་ཨ་རོན་ལ་འབྱུག་སྣུམ་གྱིས་བྱུགས་པ་ལྟར། ཁྱོད་ཀྱིས་ཁོ་ཚོར་འབྱུག་སྣུམ་གྱིས་བྱུག་དགོས་ཤིང༌། དེ་ལྟར་འབྱུག་སྣུམ་བྱུགས་པ་ཡིས་ཁོ་ཚོའི་བུ་རབས་ཚ་རྒྱུད་དུ་མཆོད་དཔོན་གྱི་ལས་ཚན་རྒྱུན་ཆད་མེད་པ་ཞིག་ཏུ་འཇུག་པར་འགྱུར་ངེས་ཞེས་པའོ། ། 16 མོ་ཤེ་ཡིས་དེ་བཞིན་དུ་བྱས་ཤིང་ཐམས་ཅད་དཀོན་མཆོག་ཡ་ཝཱེས་ཁོ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་བསྒྲུབས་སོ། །

17 དེ་ལྟར་ལོ་གཉིས་པའི་ཟླ་དང་པོའི་ཚེས་གཅིག་ཉིན་གུར་མཆོག་དེ་བསྒྲེངས་པའོ། ། 18 མོ་ཤེ་ཡིས་གུར་མཆོག་བསྒྲེངས་པ་དང་དེའི་ཞབས་ར་རྣམས་བསྒྲིགས། པང་ལེབ་རྣམས་བསླངས། འཕྲེད་རྒྱུག་རྣམས་བཅུག ཀ་བ་རྣམས་བསྒྲེངས། 19 ཁོས་ཁེབས་རས་ཀྱིས་གུར་མཆོག་གཡོགས་པ་དང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་ཁེབས་གཞན་ཡང་དེའི་སྟེང་དུ་བཏིངས་པ་རེད། 20 དེ་ནས་ཁོས་དཔང་པོའི་རྡོ་ལེབ་གཉིས་བླངས་ནས་ཤུར་སྒམ་གྱི་ནང་དུ་བཞག་སྟེ། རྒྱུག་པ་གཉིས་ཤུར་སྒམ་གྱི་ལོགས་གཉིས་ལ་བརྒྱུས་ནས། ཐུགས་རྗེའི་བཞུགས་ཁྲི་དེ་ཤུར་སྒམ་གྱི་སྟེང་དུ་བཞག 21 ཡང་ཁོས་ཤུར་སྒམ་ནི་གུར་མཆོག་ཏུ་ཁྱེར་ནས། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་དཔང་མཛད་ཤུར་སྒམ་མི་མཐོང་བའི་ཕྱིར་དེའི་མདུན་དུ་ཡོལ་བ་དཔྱངས། 22 དེ་ནས་ཁོས་སྒྲོག་ཙེ་དེ་མཇལ་འཕྲད་གུར་མཆོག་ནང་བྱང་ཕྱོགས་སུ་ཡོལ་བའི་ཕྱི་རོལ་ཏུ་བཞག་པ་དང་། 23 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་དེའི་སྟེང་དུ་དཀོན་མཆོག་ཡ་ཝཱེའི་ཞལ་ངོར་བག་ལེབ་གྲལ་དུ་བསྒྲིགས་སོ། ། 24 དེ་ནས་ཁོས་སྒྲོན་སྟེགས་ནི་མཇལ་འཕྲད་གུར་མཆོག་གི་ལྷོ་ཕྱོགས་སུ་སྒྲོག་ཙེའི་ཐད་དུ་བཞག 25 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་ཁོས་དེའི་སྟེང་དུ་དཀོན་མཆོག་ཡ་ཝཱེའི་ཞལ་ངོར་སྒྲོན་མེ་རྣམས་སྦར་ཏོ། ། 26 ཡང་ཁོས་མཇལ་འཕྲད་གུར་མཆོག་ནང་དུ་ཡོལ་བའི་མདུན་དུ་གསེར་གྱི་སྤོས་ཁྲི་དེ་བཞག་ཅིང་། 27 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་དེའི་སྟེང་དུ་དྲི་ཞིམ་བདུག་སྤོས་བདུགས། 28 དེ་ནས་ཁོས་གུར་མཆོག་གི་སྒོ་ཡོལ་དེ་ཡང་དཔྱངས་སོ། ། 29 གུར་མཆོག་སྟེ་མཇལ་འཕྲད་གུར་མཆོག་གི་སྒོ་མདུན་དུ་ཁོས་སྦྱིན་སྲེག་གི་མཆོད་ཁྲི་དེ་བཞག་ནས། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ་དེའི་སྟེང་དུ་སྦྱིན་སྲེག་དང་འབྲུ་རིགས་ཀྱི་མཆོད་པ་ཕུལ། 30 ཡང་མཇལ་འཕྲད་གུར་མཆོག་དང་མཆོད་ཁྲིའི་བར་དུ་ཁོས་ཁྲུས་གཞོང་བཞག་ནས་བཀྲུ་བའི་ཕྱིར་དེའི་ནང་དུ་ཆུ་བླུགས་ཤིང་། 31 གཞོང་པ་དེའི་ནང་དུ་མོ་ཤེ་དང་ཨ་རོན་དང་དེའི་བུ་རྣམས་ཀྱིས་རང་གི་རྐང་ལག་བཀྲུས། 32 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གནང་བ་བཞིན་དུ། དེ་དག་ནམ་ཞིག་མཇལ་འཕྲད་གུར་མཆོག་གི་ནང་དུ་འགྲོ་བའམ་མཆོད་ཁྲིའི་དྲུང་དུ་ཡོང་བའི་སྐབས་སུ་བཀྲུས་སོ། ། 33 དེ་ནས་ཁོས་གུར་མཆོག་དང་མཆོད་ཁྲིའི་ཕྱོགས་བཞི་ནས་བསྐོར་བའི་ཁྱམས་ར་དེ་བསྒྲེངས་ཤིང་། ཁྱམས་རའི་སྒོ་ཡོལ་དེ་དཔྱངས། དེ་ལྟར་མོ་ཤེ་ཡིས་ལས་ཀ་དེ་བསྒྲུབས་ནས་རྫོགས་སོ། །

དཀོན་མཆོག་ཡ་ཝཱེའི་གཟི་བརྗིད།
34 དེ་ནས་སྤྲིན་གྱིས་མཇལ་འཕྲད་གུར་མཆོག་གཡོགས་པ་དང་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་ཀྱང་གུར་མཆོག་དེར་ཁྱབ། 35 མོ་ཤེ་མཇལ་འཕྲད་གུར་མཆོག་ཏུ་འགྲོ་མ་ནུས་ཏེ། གང་ལ་ཟེར་ན། གུར་མཆོག་སྟེང་དུ་སྤྲིན་ཕུང་བཞུགས་ཤིང་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་ཀྱིས་གུར་མཆོག་ཁྱབ་པའི་ཕྱིར་རོ། ། 36 ཡེས་ར་ཨེལ་པ་རྣམས་ཀྱི་བགྲོད་ལམ་ཀུན་ཏུ་འདི་ལྟར་ཡིན་ཏེ། ནམ་ཞིག་སྤྲིན་དེ་གུར་མཆོག་ནས་བཏེགས་པའི་ཚེ། ཁོ་རྣམས་རང་གི་ལམ་དུ་ཆས། 37 སྤྲིན་ཡར་མ་བཏེགས་ཚེ། ཁོ་ཚོ་དེ་མུར་སྡོད་ཅིང་། ནམ་ཞིག་སྤྲིན་བཏེགས་པའི་ཚེ་ཁོ་ཚོ་ཡང་བསྐྱར་ལམ་དུ་ཆས། 38 ཁོ་ཚོའི་བགྲོད་ལམ་ཀུན་ཏུ་དཀོན་མཆོག་ཡ་ཝཱེའི་སྤྲིན་ཕུང་ནི་ཉིན་མོར་གུར་མཆོག་སྟེང་དུ་བཞུགས་པ་དང་། མཚན་མོར་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཚང་མའི་མཐོང་ལམ་ལ་སྤྲིན་ནང་དུ་མེ་ཡོད་པ་ཡིན་ནོ།། །།

<- ཨེ་ཅིབ་ནས་ཐོན་པ། 39
  • ཨེ་ཅིབ་ནས་ཐོན་པ།