2 དེ་ནས་མོ་ཤེ་ཡིས་པི་ཟིད་ཨེལ་དང་ཨོ་ཧོ་ལི་ཨབ་དང་། སེམས་སུ་ཤེས་རབ་ལྡན་པ་སྟེ་དཀོན་མཆོག་ཡ་ཝཱེས་ཤེས་རབ་སེམས་སུ་གནང་བའི་མི་དང་། སེམས་འགུལ་ཐེབས་ནས་ལས་བསྒྲུབ་པར་འོང་འདོད་པ་ཐམས་ཅད་ཚུར་བོས་ནས། 3 གནས་མཆོག་བཟོ་བར་བྱེད་པའི་ལས་རྣམས་ཀྱི་དོན་དུ་ཡེས་ར་ཨེལ་པ་རྣམས་ཀྱིས་ཕུལ་བའི་འབུལ་བ་ཐམས་ཅད་ཁོ་ཚོས་མོ་ཤེ་ནས་བླངས་ཤིང་། ཡེས་ར་ཨེལ་པ་རྣམས་ཀྱིས་ཞོགས་པ་རེར་ད་དུང་ཡིད་མོས་ཀྱི་འབུལ་བ་ཁྱེར་འོངས་པས། 4 གནས་མཆོག་གི་ལས་ཐམས་ཅད་བྱེད་པའི་མི་ལག་རྩལ་ཅན་རེ་རེས་རང་རང་གི་ལས་ཀ་བྱེད་མཚམས་བཞག་སྟེ་འོངས་ནས། 5 མོ་ཤེ་ལ་ན་རེ། དཀོན་མཆོག་ཡ་ཝཱེས་བསྒྲུབ་དགོས་གསུངས་པའི་ལས་ཀྱི་ཕྱིར་མི་རྣམས་ཀྱིས་ཁྱེར་འོངས་པའི་དངོས་པོ་ལྷག་མ་མང་པོ་ཡོད་ཅེས་སྨྲས། 6 དེའི་ཕྱིར་མོ་ཤེ་ཡིས་བཀའ་བསྒོས་ནས་སྒར་ཡོངས་སུ་འདི་ལྟར། ད་ལྟ་སྐྱེས་པ་དང་བུད་མེད་སུ་ཡིན་ཡང་གནས་མཆོག་གི་ཕྱིར་འབུལ་བ་གང་ཡང་འབུལ་བར་མི་བྱའོ་ཞེས་བསྒྲགས་པས། དེ་ལྟར་འབངས་མི་ལ་འབུལ་དུ་མ་བཅུག 7 ལས་ཐམས་ཅད་བསྒྲུབ་དགོས་པའི་རྫས་རྣམས་ཀྱིས་ལོངས་པ་དང་ད་དུང་ལྷག་མ་ཡང་ཡོད་པ་ཡིན་ནོ། །
14 ཡང་གུར་མཆོག་གི་ཁེབས་རས་ཀྱི་ཕྱིར་ཁོས་ར་རྩིད་ཀྱི་ཡོལ་བ་བཅུ་གཅིག་བཟོས་ཤིང་། 15 ཡོལ་བ་རེ་རེའི་རིང་ཚད་ནི་ཁྲུ་སུམ་ཅུ་དང་། ཞེང་ཚད་ནི་ཁྲུ་བཞི་ཡོད་པ་དང་། ཡོལ་བ་བཅུ་གཅིག་པོའི་ཚད་གཅིག་མཚུངས་ཡིན། 16 ཁོས་ཡོལ་བ་ལྔ་ནི་གཅིག་ཏུ་སྦྲེལ་ཞིང་ཡོལ་བ་གཞན་དྲུག་ཀྱང་གཅིག་ཏུ་སྦྲེལ་བ་དང་། 17 ཡོལ་བ་སྦྲེལ་མ་ལྔ་ཅན་དེའི་སྣེ་མོར་སྒྲོག་ལུང་ལྔ་བཅུ་དང་། ཡོལ་བ་སྦྲེལ་མ་དྲུག་ཅན་དེའི་སྣེ་མོར་ཡང་སྒྲོག་ལུང་ལྔ་བཅུ་བཟོས། 18 ཡང་ཁེབས་རས་མུ་གཅིག་འཁྱུད་གཅིག་འོང་བའི་ཕྱིར་ཁོས་ལི་ཡི་ཀྱུ་ལྔ་བཅུ་བཟོས་པ་དང་། 19 རྒྱ་ཚོས་བརྒྱབ་པའི་ལུག་ཐུག་གི་པགས་པས་ཁེབས་རས་གཡོགས་པ་དང་། ཡང་དེའི་སྟེང་དུ་ཀོ་བ་སྤུས་ལེགས་རྣམས་ཀྱིས་ཁེབས་ཤིག་བཟོས་སོ། །
20 དེ་ནས་ཁོས་གུར་མཆོག་གི་ཕྱིར་སེང་ལྡེང་ཤིང་གིས་གྱེན་དུ་འགྲེང་བའི་པང་ལེབ་རྣམས་བཟོས་པ་དང་། 21 པང་ལེབ་རེའི་རིང་ཚད་ནི་ཁྲུ་བཅུ་དང་། ཞེང་ཚད་ནི་ཁྲུ་གཅིག་དང་ཕྱེད་ཀ་ཡིན། 22 པང་ལེབ་གཅིག་དང་གཅིག་འབྲེལ་བའི་ཕྱིར་ཁོས་རེ་རེ་ལ་ཁོང་གཟེར་གཉིས་བཟོས་པ་དང་། གུར་མཆོག་གི་པང་ལེབ་ཐམས་ཅད་དེ་ལྟར་བཟོས། 23 ཁོས་གུར་མཆོག་གི་པང་ལེབ་བཟོས་པ་སྟེ། ལྷོ་ཕྱོགས་སུ་པང་ལེབ་ཉི་ཤུ་བཟོས་པ་དང་། 24 པང་ལེབ་ཉི་ཤུ་དེའི་ཞབས་ལ་དངུལ་གྱི་ཞབས་ར་བཞི་བཅུ་བཟོས་པ་དང་། པང་ལེབ་རེ་ལ་ཁོང་གཟེར་གཉིས་ཀྱི་ཞབས་ར་ཟུང་རེ་བཟོས་སོ། ། 25 གུར་མཆོག་གི་ལོགས་གཞན་ཏེ། བྱང་ཕྱོགས་སུ་ཡང་ཁོས་པང་ལེབ་ཉི་ཤུ་བཟོས་པ་དང་། 26 དེའི་དངུལ་གྱི་ཞབས་ར་བཞི་བཅུ་དང་། པང་ལེབ་རེའི་འོག་ལ་ཞབས་ར་ཟུང་རེ་བཟོས། 27 གུར་མཆོག་གི་རྒྱབ་ལོགས་ཏེ་ནུབ་ཕྱོགས་སུ་ཁོས་པང་ལེབ་དྲུག་བཟོས་པ་དང་། 28 གུར་མཆོག་རྒྱབ་ལོགས་ཀྱི་ཟུར་གཉིས་ལ་པང་ལེབ་གཉིས་བཟོས། 29 དེ་གཉིས་ཀྱི་འགབ་ལ་པང་ལེབ་ཉིས་གཤིབ་ཡོད་ཅིང་། དེའི་གོང་ལའང་པང་ལེབ་གཅིག་གི་སྣེ་ནས་པང་ལེབ་གཞན་ཞིག་གི་བར་དུ་ཨ་ལོང་གཅིག་གིས་སྦྲེལ་བ་དང་། དེ་བཞིན་དུ་ཁོས་པང་ལེབ་གཉིས་དེ་ལྟར་ཟུར་གཉིས་ལ་བཟོས། 30 དེ་ལྟར་པང་ལེབ་བརྒྱད་དང་དེ་དག་ལ་དངུལ་གྱི་ཞབས་ར་བཅུ་དྲུག་དང་། པང་ལེབ་རེ་རེ་ལ་ཞབས་ར་གཉིས་བཅས་ཡོད་དོ། །
31 དེ་ནས་ཁོས་སེང་ལྡེང་ཤིང་གིས་འཕྲེད་རྒྱུག་རྣམས་བཟོས་ཏེ། གུར་མཆོག་གི་ལོགས་གཅིག་གི་པང་ལེབ་རྣམས་ཀྱི་ཕྱིར་འཕྲེད་རྒྱུག་ལྔ་དང་། 32 གུར་མཆོག་གི་ལོགས་གཞན་ལ་ཡོད་པའི་པང་ལེབ་རྣམས་ཀྱི་ཕྱིར་འཕྲེད་རྒྱུག་ལྔ་དང་། རྒྱབ་ལོགས་ཏེ་ནུབ་ཕྱོགས་ཀྱི་པང་ལེབ་རྣམས་ཀྱི་ཕྱིར་ཡང་འཕྲེད་རྒྱུག་ལྔ་བཅས་བཟོས། 33 ཡང་ཁོས་པང་ལེབ་རྣམས་ཀྱི་དཀྱིལ་དུ་ཡོད་པའི་འཕྲེད་རྒྱུག་དག་སྣེ་གཅིག་ནས་སྣེ་གཞན་དུ་སླེབས་པར་བྱས་ཤིང་། 34 པང་ལེབ་དེ་དག་ཁོས་གསེར་གྱིས་གཡོགས་པ་དང་། དེ་དག་གི་འཕྲེད་རྒྱུག་འཛིན་པའི་ཨ་ལོང་རྣམས་གསེར་དུ་བྱས་ཤིང་། ཡང་འཕྲེད་རྒྱུག་དག་གསེར་གྱིས་གཡོགས་སོ། །
35 ཡང་ཁོས་ཡོལ་བ་ཞིག་བཟོས་ཤིང་། དེའི་རྒྱུ་ནི་བལ་སྐུད་མཐིང་ག་དང་། རྒྱ་སྨུག་དང་། མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་བཅས་ཡིན་ཞིང་། ཡང་དེ་ལ་འཐག་མཁན་ལག་རྩལ་ཅན་གྱི་ལས་བཞིན་དུ་ཀེ་རུབ་ཀྱི་གཟུགས་བརྙན་དང་ལྡན་པ་རྣམས་བཟོས་ཤིང་། 36 ཁོས་ཡོལ་བའི་ཕྱིར་སེང་ལྡེང་ཤིང་གི་ཀ་བ་བཞི་བཟོས་ཤིང་གསེར་གྱིས་གཡོགས་པ་དང་། དེ་དག་གི་ཀྱུ་རྣམས་གསེར་ཡིན་པ་དང་། དེ་དག་གི་ཕྱིར་དངུལ་གྱི་ཞབས་ར་བཞི་བླུགས་སོ། ། 37 ཁོས་གུར་མཆོག་གི་སྒོ་ལ་སྒོ་ཡོལ་ཞིག་བཟོས་ཏེ། དེའི་རྒྱུ་ནི་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་ཡིན་ཏེ། འཐག་མཁན་གྱི་ལས་བཞིན་དུ་བཟོས། 38 ཡང་ཁོས་ཀ་བ་ལྔ་དང་སོ་སོའི་ཀྱུ་དང་བཅས་བཟོས་ཤིང་། ཀ་མགོ་རྣམས་དང་། ཁ་ཐུར་དག་གསེར་གྱིས་གཡོགས་པ་དང་། དེའི་ཞབས་ར་ལྔ་ནི་ལི་ཡིས་བཟོས་པ་ཡིན་ནོ། །
<- ཨེ་ཅིབ་ནས་ཐོན་པ། 35ཨེ་ཅིབ་ནས་ཐོན་པ། 37 ->-
ཁོས་ཞེས་པ་ནི་བཟོ་མཁན་པི་ཟིད་ཨེལ་ཡིན་པར་གོ་དགོས། ལེའུ་སོ་གཅིག་གི་ཚིག་རྐང་གཉིས་ནས་བདུན་པའི་བར་དུ་གསལ། ལེའུ་འདིའི་ནང་དུ་འབྱུང་བའི་ཁོས་ཞེས་པའང་དེ་བཞིན་ཡིན། གོང་གི་ཚིག་རྐང་དང་པོ་ནས་གསུངས་པ་ལྟར་ལག་རྩལ་ཅན་མང་པོས་ལྷན་དུ་བཟོས་པ་ཡིན་པར་མཉམ་འཇོག་པར་འཚལ།