༄༅། །ཨེ་ཕེ་སི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག
ཨེ་ཕེ་སི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨེ་ཕེ་སི་ནི་ཨེ་ཞི་ཡཱ་ནུབ་ཁུལ་གྱི་གྲོང་ཁྱེར་ཆེས་གལ་ཆེན་ཞིག་ཡིན་ལ། ༼དེང་གི་ཐུར་ཁེ་རྒྱལ་ཁབ།༽ གྲོང་ཁྱེར་དེ་ནི་ཚོང་པ་མང་པོ་འཁོར་བའི་བཞི་མདོ་ཞིག་ཡིན་པས་ཚོང་ལས་ཁྱབ་སའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་རེད། གྲོང་ཁྱེར་དེ་རུ་ཕྱི་རོལ་པའི་རོ་མཱའི་ལྷ་མོ་ཨར་ཏེ་མེའི་ལྷ་ཁང་སྐད་གྲགས་ཅན་ཞིག་ཡོད་ཅིང་། ཕོལ་ལོལ་གྱིས་ཨེ་ཕེ་སི་གྲོང་ཁྱེར་དུ་ཆོས་སྤེལ་ནས་ལོ་གསུམ་གྱི་རིང་ལ་བཞུགས་པ་ཡིན། གཅིག་བྱས་ན་འཕྲིན་ཡིག་འདི་ཨེ་ཕེ་སི་རུ་ཡོད་པའི་ཆོས་ཚོགས་ཁོ་ནར་སྤྲིངས་པ་ཞིག་མ་ཡིན་པར། ཨེ་ཞི་ཡཱའི་ཡུལ་དུ་ཡོད་པའི་ཆོས་ཚོགས་རྣམས་ལའང་སྤྲིངས་པ་དང་། ཕོལ་ལོལ་ཡུལ་དེར་ཐེངས་གསུམ་ལ་ཆོས་སྤེལ་དུ་སོང་བ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
དམ་པའི་གསུང་རབ་ཀྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་ལྟར་ན། ཕོལ་ལོལ་གྱིས་འཕྲིན་ཡིག་འདི་ནི་སྤྱི་ལོ་60ལོའི་ཡས་མས་ཏེ། ཁོང་ཉིད་རོ་མཱ་གྲོང་ཁྱེར་དུ་བཙོན་ལ་སྦྱར་ནས་ལོ་གཉིས་རིང་བཞུགས་པའི་སྐབས་སུ་ཡི་གེར་བཀོད་པ་ཡིན་པར་དགོངས།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་འདིའི་ནང་དུ་ཕོལ་ལོལ་གྱིས་འཕྲིན་ཡིག་གཞན་དག་ལྟར་སྐྱོན་དང་ལོག་ཆོས་ཀྱི་ལྟ་བ་གང་ཡང་བརྗོད་མེད། ཁོང་གིས་ཀློག་པ་པོ་རྣམས་ལ་དཀོན་མཆོག་གི་ཐོག་མཐའ་མེད་པའི་དགོངས་པ་དང་ཐུགས་རྗེ། དཀོན་མཆོག་གིས་ཆོས་ཚོགས་ཀྱི་ཆེད་དུ་བཅངས་པའི་བླ་ན་མེད་པའི་ཐུགས་འདུན་ལ་དུངས་ཤིང་མངོན་པར་བསྟོད་འོས་པའི་སྐོར་ཡི་གེར་བཀོད་པ་ཡིན། ཕོལ་ལོལ་གྱི་བརྗོད་བྱ་གལ་ཆེན་ཞིག་ནི་ཡེ་ཤུའི་ཆོས་ལུགས་པ་ཐམས་ཅད་ཀྱིས་འགྲིག་མཐུན་ངང་ནས་སྐྱབས་མགོན་ཡེ་ཤུའི་ནང་དུ་ཁྱིམ་ཚང་གཅིག་གི་མི་ནང་བཞིན་ཕན་ཚུན་བརྩེ་བར་བྱེད་དགོས་པ་དེ་ཡིན། ཁོང་གིས་ཆོས་ཚོགས་ཀྱི་སྐོར་བྲིས་ཡོད་པ་ལས་ཆོས་ཁང་གི་སྐོར་བྲིས་མེད་དེ། ཡེ་ཤུའི་ཆོས་ལུགས་པ་ཐམས་ཅད་ལ་མི་རབས་ནས་མི་རབས་བར་བཞེངས་པའི་ཆོས་ཚོགས་ཀྱི་སྐོར་ཡི་གེར་བཀོད་ཡོད།
འཆར་ཟིན།
1. ཁམས་འདྲི་གནང་བའི་སྐོར། ༼1:1-2༽
2. ཐུགས་ཉིད་ཀྱི་བྱིན་རླབས་སྐོར། ༼1:3-14༽
3. ཆོས་ཚོགས་ཀྱི་ཆེད་དུ་གསོལ་བ་འདེབས་དགོས་པའི་སྐོར། ༼1:15-23༽
4. དད་ལྡན་རྣམས་ཀྱི་སྡོད་གནས་སྐོར། ༼2:1-3:21༽
5. དད་ལྡན་རྣམས་ཀྱི་སྤྱོད་ལམ་སྐོར། ༼4:1-6:20༽
6. མཇུག་སྡོམ། ༼6:21-24༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
1 དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན་ནོ།། བདག་གིས་ཨེ་ཕེ་སི་རུ་ཡོད་པའི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་བློ་སེམས་དཀར་བའི་དད་ལྡན་དམ་པ་རྣམས་ལ་འཕྲིན་ཡིག་སྤྲིངས་པ་ནི་འདི་ལྟ༌སྟེ། 2 བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།
ཐུགས་ཉིད་ཀྱི་བྱིན་རླབས༌སྐོར།
3 བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར༌ཤོག དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ནམ་མཁའི་ཞིང་ཁམས་སུ་ཡོད་པའི་ཐུགས་ཉིད་ཀྱི་བྱིན་རླབས་ཐམས་ཅད་བདག་ཅག་ལ་གནང༌ཞིང༌། 4 ཁོང་གི་སྤྱན་སྔར་བདག་ཅག་ནི་དམ་པ་དང་སྐྱོན་གྱི་དྲི་མས་མ་གོས་པ་ཞིག་ཏུ་འགྱུར་བའི་ཕྱིར། ཁོང་གིས་འཇིག་རྟེན་ཁམས་མ་བཀོད་པའི་སྔོན་ལ། སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བདག་ཅག་བདམས་པ་ཡིན་ནོ།། 5 ཡང་ཁོང་གིས་སྔ་མོ་ནས་རང་ཉིད་ཐུགས་དགྱེས་པ་བཞིན། བདག་ཅག་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཁོང་གི་བུ་སྐལ་དུ་འགྱུར་བར་བྱམས་པའི་ངང་ནས་ཐག་གིས་བཅད༌ཟིན་ལ། 6 དེ་ནི་ཁོང་གི་གཟི་བརྗིད་དང་ལྡན་པའི་ཐུགས་རྗེ་ལ་བསྟོད་བསྔགས་བརྗོད་པར་འགྱུར་བའི་ཕྱིར༌ཡིན་ལ། ཐུགས་རྗེ་དེ་ནི་ཁོང་གིས་རང་གི་གཅེས་པའི་སྲས་བརྒྱུད་ནས་བདག་ཅག་ལ་ཕངས་མེད་དུ་གནང་ངོ་།། 7 ཡང་བདག་ཅག་ནི་ཁོང་གི་ནང་དུ་ཉིད་ཀྱི་སྐུ་ཁྲག་ལ་བརྟེན་ནས་བླུས་ཤིང་སྡིག་པ་བསལ་བ་ཡིན། དེ་ནི་དཀོན་མཆོག་གི་ཐུགས་རྗེ་ཕུན་སུམ་ཚོགས་པ༌བཞིན་ཏེ། 8 ཁོང་གིས་ཤེས་རབ་དང་བློ་རིག་སྣ་ཚོགས་ཀྱི་སྒོ་ནས་བདག་ཅག་ལ་ཕངས་མེད་དུ་གནང༌ངོ་༎ 9 ཡང་དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་སྔར་ནས་དམིགས་པའི་རང་ཉིད་ཀྱི་ཐུགས་དགོངས་ལེགས་པོ༌བཞིན། བདག་ཅག་ལ་ཁོང་གི་ཐུགས་དགོངས་ཀྱི་གསང་བ་དེ་མངོན་པར་མཛད་ཅིང་། 10 དེ་ནི་དཀོན་མཆོག་གི་ཐུགས་བཀོད་ལྟར་ཁོང་གི་དུས་དེ་ལོངས༌པའི་ཚེ། ཁོང་གིས་གནམ་ས་གཉིས་ཀྱི་དངོས་པོ་ཐམས་ཅད་སྐྱབས་མགོན་མཱ་ཤི་ཀའི་དབང་འོག་ཏུ་གཅིག་གྱུར་མཛད་པ་ཡིན་ནོ།། 11 ཡང་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བདག་ཅག་ལའང་བགོ་སྐལ་ཐོབ་པ་ཡིན། དོན་དེ་ནི་སྔ་མོ་ནས་ཁོང་གི་ཐུགས་དགོངས་ལྟར་ཐག་གིས་བཅད༌ཅིང༌། ཁོང་གིས་ཐུགས་དགོངས་བཞིན་དུ་དོན་ཐམས་ཅད་མཛད༌པ་སྟེ། 12 ཐོག་མར་སྐྱབས་མགོན་མཱ་ཤི་ཀར་རེ་བ་ལྡན་པ་ངེད་རྣམས་ཀྱིས་དཀོན་མཆོག་གི་གཟི་བརྗིད་ལ་བསྟོད་བསྔགས་བརྗོད་པའི་ཕྱིར༌ཡིན། 13 ཡང་སྐྱབས་མགོན་མཱ་ཤི་ཀའི་ནང་དུ། ཁྱོད་ཅག་གིས་ཀྱང་བཀའ་བདེན་པ་སྟེ་ཁྱོད་རྣམས་སྐྱོབ་པར་བྱེད་པའི་འཕྲིན་བཟང་དེ་ཐོས་ཤིང༌ཁོང་ལ་དད་པར་གྱུར་པ་དང་། ཁྱོད་ཅག་ལ་ཞལ་བཞེས་གནང་བའི་དམ་པའི་ཐུགས་ཉིད་ཀྱི་ཕྱག་རྒྱས་བཏབ་པ་ཡིན། 14 དཀོན་མཆོག་གིས་ཁོང་ཉིད་ཀྱི་མི་སྡེ་ཐར་བར་མཛད་པའི་བར༌དུ། དམ་པའི་ཐུགས་ཉིད་ནི་བདག་ཅག་ལ་བགོ་སྐལ་གྱི་གཏའ་མའི་དཔང་རྟགས་སུ་གནང་བ་ཡིན་ཏེ། དཀོན་མཆོག་གི་གཟི་བརྗིད་ལ་བསྟོད་བསྔགས་བརྗོད་པའི་ཕྱིར་རོ།།
ཕོལ་ལོལ་གྱི་གསོལ༌འདེབས།
15 དེའི༌ཕྱིར། བདག་གིས་ཀྱང་ཁྱོད་རྣམས་གཙོ་བོ་ཡེ་ཤུར་དད་པ་ཡོད་པ༌དང༌། དད་ལྡན་དམ་པ་ཐམས་ཅད་ལའང་བྱམས་ཤིང་གཅེས་པའི་དོན་དེ་ཐོས༌པས།
16 བདག་གིས་གསོལ་བ་འདེབས་པའི་དུས༌སུ། ཁྱོད་རྣམས་གླེང་བ་དང་རྒྱུན་དུ་ཁྱོད་ཅག་གི་ཆེད་དུ་དཀོན་མཆོག་ལ་བཀའ་དྲིན་ཞུས་པ་སྟེ།
17 བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དཀོན་མཆོག་སྟེ་གཟི་བརྗིད་ཆེ་བའི་ཡབ་དེ་ཉིད༌ཀྱིས། ཁྱོད་རྣམས་ཀྱིས་དངོས་གནས་དཀོན་མཆོག་གི་ངོ་བོ་རྟོགས་པའི་ཕྱིར། ཤེས་རབ་དང་བློ་སྒོ་འབྱེད་པའི་སེམས་དེ་ཁྱོད་ཅག་ལ་སྩོལ་བར༌སྨོན།
18 གཞན༌ཡང༌། ཁྱོད་རྣམས་ཀྱི་སེམས་ཁོང་གི་མིག་ཟུང་གསལ་པོར་མཛད་པར༌ཞུའོ།། དེ་ནི་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་འབོད་གནང༌ཞིང༌། ཁྱོད་རྣམས་ཀྱིས་ཀྱང་དེ་ལ་རེ་བ་ག་འདྲ་ལྡན་པ་དང༌། དད་ལྡན་དམ་པ་རྣམས་ཀྱི་ཁྲོད་དུ་དཀོན་མཆོག་གི་གཟི་བརྗིད་ཆེན་པོའི་བགོ་སྐལ་ཅི་འདྲ་ཡོད་པ།
19 ཁོང་གིས་རང་རེ་དད་ལྡན་རྣམས་ལ་མཐུ་རྩལ་མངོན་པ་ནི་ཇི་འདྲའི་ཆེ་བ་བཅས་རྟོགས་པའི་ཕྱིར་གསོལ་བ་བཏབ༌པའོ།། དེ་ནི་ཁོང་གི་མཐུ་དང་ནུས་པ་བཞིན་ཡིན༌ཏེ།
20 ཁོང་གིས་སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་སྟེང་དུ་མཐུ་རྩལ་ཆེན་པོ་མངོན་པར་མཛད་པ༌དང༌། སྐྱབས་མགོན་མཱ་ཤི་ཀ་འཆི་བ་ལས་སླར་གསོན་པར་མཛད༌ཅིང་། ནམ་མཁའི་ཞིང་ཁམས་ནས་ཁོང་གི་གཡས་ཕྱོགས་སུ་བཞུགས་པར་མཛད༌པས།
21 སྐྱབས་མགོན་མཱ་ཤི་ཀ་ནི་བསྐལ་པ་འདི་དང་བསྐལ་པ་འབྱུང་འགྱུར་དུའང༌། འཇིག་རྟེན་གྱི་སྲིད་འཛིན་མཁན༌དང༌། དབང་འཛིན༌མཁན། མཐུ་སྟོབས༌ཅན། དབང་སྒྱུར་མཁན། མཚན་དང་ལྡན་པ་ཐམས་ཅད་ལས་ཀྱང་ཆེས་ཁྱད་དུ་འཕགས་ཤིང་བླ་ན༌མཐོ་བའོ།།
22 ཡང་དཀོན་མཆོག་གིས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་སྐྱབས་མགོན་མཱ་ཤི་ཀའི་ཞབས་འོག་ཏུ་གནོན་པར་མཛད༌ཅིང༌། ཁོང་ནི་ཆོས་ཚོགས་ཀྱི་ཆེད་དུ་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ཀྱི་དབུ་རུ་བསྐོས༌པ་ཡིན།
23 ཆོས་ཚོགས་ནི་ཁོང་གི་སྐུ་ལུས་ཡིན༌ཞིང༌། འཇིག་རྟེན་སྣོད་བཅུད་མ་ལུས་པར་ཡོངས་སུ་ཁྱབ་པ་དེ་ཉིད་ཀྱིས་ཁྱབ་པའང་ཡིན་ནོ།།
ཨེ་ཕེ་སི་པ། 2 ->