6 དེའི་ཕྱིར་ལྟ་རྟོགས་པ་དང་སྤྱི་དཔོན་རྣམས་མཉམ་དུ་རྒྱལ་པོའི་དྲུང་དུ་འདུས་ནས་འདི་ལྟར། ཀྱེ་རྒྱལ་པོ་དར་ཡཱ་ལགས། ཁྱེད་ཉིད་སྐུ་ཚེ་ཡུན་རིང་བརྟན་པར་ཤོག 7 ངེད་རྒྱལ་སྲིད་ཀྱི་ལྟ་རྟོགས་པ་དང་བཀའ་བློན། སྤྱི་དཔོན། གྲོས་པ། བློན་པོ་བཅས་ཐམས་ཅད་ཀྱིས་མཉམ་དུ་འདི་ལྟར། ཀྱེ་རྒྱལ་པོ་ལགས། ཉིན་ཞག་སུམ་ཅུའི་རིང་ལ་མི་སུ་ཞིག་གིས་རྒྱལ་པོ་ཁྱེད་ཉིད་ལས་གཞན་པའི་ལྷའམ་ཡང་ན་མི་གང་ཡིན་ལ་སྨོན་ལམ་བཏབ་ན་དེ་ནི་སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་བའི་ཁྲིམས་ཞིག་བཙུགས་ནས་བཀའ་བཙན་པོ་ཞིག་གཏན་ལ་འབེབས་དགོས་པའི་གྲོས་བཏབ་ཡོད་པས། 8 ཀྱེ་རྒྱལ་པོ་ལགས། ད་ལྟ་མཱ་ཏི་པ་དང་ཏ་ཟིག་པ་རྣམས་ཀྱི་འགྱུར་བ་མེད་པའི་སྲོལ་ལུགས་དེ་གཞིར་བྱས་ཐོག བཟློག་ཏུ་མེད་པའི་བཀའ་རྒྱ་གཏན་ལ་ཕབ་ནས་ཐམ་ག་འདེབས་པར་མཛོད་ཅེས་ཞུས་པ་ན། 9 རྒྱལ་པོ་དར་ཡཱས་བཀའ་རྒྱ་བྲིས་ནས་ཐམ་ག་བཏབ་པའོ། །
10 དེ་ཡང་དཱ་ནེ་ཨེལ་གྱིས་རྒྱལ་པོས་བཀའ་རྒྱ་གཏན་ལ་ཕབ་པ་ཤེས་རྗེས། ཕྱིར་རང་ཁྱིམ་དུ་ལོག་ནས་སྒེའུ་ཁུང་ཡེ་རུ་སཱ་ལེམ་གྱི་ཕྱོགས་སུ་གཏད་པའི་སྟེང་ཁང་དུ་དེ་སྔར་བགྱིས་པ་ཇི་བཞིན་ཉིན་རེར་ཐེངས་གསུམ་ལ་པུས་མོ་སར་བཙུགས་ནས་རང་གི་དཀོན་མཆོག་ལ་སྨོན་ལམ་བཏབ་ཅིང་ཁོང་ལ་བཀའ་དྲིན་ཡང་ཞུས་སོ། ། 11 དེ་ནས་སྐུ་དྲག་དེ་རྣམས་མཉམ་དུ་འོངས་ནས་དཱ་ནེ་ཨེལ་གྱིས་རང་གི་དཀོན་མཆོག་གི་སྤྱན་སྔར་སྨོན་ལམ་བཏབ་ནས་ཞུ་བ་འབུལ་བཞིན་པ་མཐོང་སྟེ། 12 ཁོ་རྣམས་རྒྱལ་པོའི་དྲུང་དུ་སོང་ནས་རྒྱལ་པོའི་བཀའ་རྒྱ་གླེང་སྟེ་ན་རེ། ཀྱེ་རྒྱལ་པོ་ལགས། ཁྱེད་ཀྱིས་ཉིན་ཞག་སུམ་ཅུའི་རིང་ལ་མི་སུ་ཞིག་གིས་རྒྱལ་པོ་ཁྱེད་ཉིད་ལས་གཞན་པའི་ལྷའམ་ཡང་ན་མི་གང་ཡིན་ལ་སྨོན་ལམ་བཏབ་ན་དེ་ནི་སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་བའི་བཀའ་རྒྱ་གཏན་ལ་ཕབ་ནས་ཐམ་ག་བཏབ་པ་མ་ཡིན་ནམ་ཞེས་ཞུས་པ་ན། རྒྱལ་པོས་དེ་དག་ལ་ལན་དུ། དེ་ནི་བདེན་ནོ། །མཱ་ཏི་པ་དང་ཏ་ཟིག་པའི་ཁྲིམས་ལྟར་ན་བཀའ་རྒྱ་དེ་ལྟ་བུ་ལ་ཟློག་ཐབས་མེད་ཅེས་སྨྲས་སོ། ། 13 དེ་ནས་ཁོ་རྣམས་ཀྱིས་རྒྱལ་པོ་ལ་འདི་ལྟར། ཀྱེ་རྒྱལ་པོ་ལགས། ཡ་ཧུ་དཱ་པའི་བཙོན་མ་རྣམས་ལས་དཱ་ནེ་ཨེལ་གྱིས་ཁྱེད་དང་ཁྱེད་ཀྱིས་སྤེལ་བའི་བཀའ་རྒྱ་ལ་བརྩི་བཀུར་བྱེད་ཀྱིན་མེད། ཁོས་ཉིན་རེར་ཐེངས་གསུམ་ལ་སྨོན་ལམ་འདེབས་བཞིན་ཡོད་ཅེས་ཞུས་སོ། ། 14 རྒྱལ་པོས་གཏམ་དེ་ཐོས་པ་དང་རབ་ཏུ་སྐྱོ་བར་གྱུར་ནས་དཱ་ནེ་ཨེལ་སྐྱོབ་དགོས་སྙམ་ཞིང་། ཉི་མ་ནུབ་པའི་བར་དུ་དཱ་ནེ་ཨེལ་ཇི་ལྟར་སྐྱོབ་དགོས་པའི་སྐོར་ལ་ཐབས་བཙལ་ཏོ། ། 15 དེ་ནས་མི་དེ་རྣམས་རྒྱལ་པོའི་དྲུང་དུ་འོངས་ཏེ་ན་རེ། ཀྱེ་རྒྱལ་པོ་ལགས། མཱ་ཏི་པ་དང་ཏ་ཟིག་པ་རྣམས་ཀྱི་ཁྲིམས་ལྟར་ན། རྒྱལ་པོས་གཏན་ལ་ཕབ་པའི་བཀའ་དང་ཁྲིམས་ནི་གང་ལའང་འགྱུར་བ་བཏང་མི་ཆོག་པ་དྲན་པར་མཛོད་ཅེས་ཞུས་པ་ལ། 16 རྒྱལ་པོས་བཀའ་བསྩལ་ཞིང་དཱ་ནེ་ཨེལ་རྒྱལ་པོའི་དྲུང་དུ་ཁྲིད་འོངས་པ་དང་། རྒྱལ་པོས་ཁོ་ལ་འདི་ལྟར། ཁྱོད་ཀྱིས་ནམ་རྒྱུན་ཞབས་ཏོག་སྒྲུབ་པའི་དཀོན་མཆོག་གིས་ཁྱོད་སྐྱོབ་ངེས་ཡིན་ཞེས་སེམས་གསོ་བྱས་རྗེས། དཱ་ནེ་ཨེལ་སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་ཏོ། ། 17 དེ་ནས་རྡོ་ཕ་བོང་ཞིག་གིས་དོང་དེའི་ཁ་བརྒྱབ་ནས་དཱ་ནེ་ཨེལ་ལ་ཉེས་ཆད་བཅད་པ་དེར་འགྱུར་བ་མི་གཏོང་བའི་ཆེད་དུ་དོང་ཁར་རྒྱལ་པོ་རང་ཉིད་དང་སྐུ་དྲག་རྣམས་ཀྱི་ཐམ་ག་བརྒྱབ་བོ། ། 18 དེ་ནས་རྒྱལ་པོ་ཕྱིར་རང་གི་ཕོ་བྲང་དུ་སླེབས་ནའང་། དགུང་མོ་དེར་ཁོས་ཁ་ཟས་ཅི་ཡང་མ་སྤྱད་པ་དང་སྤྲོ་སྐྱིད་ལྡན་པའི་རོལ་ཆས་མེད་ལ། ཞག་གང་པོར་གཉིད་ཀྱང་མ་ཁུགས་པ་རེད།
23 དེ་ནས་རྒྱལ་པོ་ཤིན་ཏུ་དགའ་སྟེ་དཱ་ནེ་ཨེལ་དོང་ལས་ཡར་འཐེན་པའི་བཀའ་བསྒོས་པ་དང་། དཱ་ནེ་ཨེལ་དོང་ལས་ཡར་འཐེན་པ་ན་ཁོའི་སྟེང་དུ་གནོད་འཚེ་ཅི་ཡང་ཐེབས་མེད་དེ། རྒྱུ་མཚན་ཁོ་ནི་རང་གི་དཀོན་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཕྱིར་རོ། ། 24 ཡང་རྒྱལ་པོས་བཀའ་བསྒོས་པ་ལ། དཱ་ནེ་ཨེལ་ལ་སྙད་བཏགས་ནས་སྐྱོན་འཛུགས་མཁན་རྣམས་ནི་དེ་དག་གི་ཆུང་མ་དང་ཕྲུ་གུ་བཅས་པ་ཁྲིད་འོངས་ནས་སེང་གེའི་དོང་ནང་དུ་གཡུགས་ཤིང་། ཁོ་རྣམས་ད་དུང་དོང་ཞབས་ལ་མ་ལྷུང་གོང་སེང་གེ་རྣམས་ཀྱིས་བཟུང་སྟེ་རུས་པ་ཐམས་ཅད་བལྡད་དོ། །
25 རྗེས་སུ་རྒྱལ་པོ་དར་ཡཱ་ཡིས་ས་སྟེང་ཀུན་ཏུ་གནས་པའི་རྒྱལ་ཁམས་ཁག་དང་མི་རིགས་སོ་སོ། སྐད་རིགས་སྣ་ཚོགས་སྨྲ་མཁན་ཐམས་ཅད་ལ་ཡི་གེ་བྲིས་པ་འདི་ལྟ་སྟེ། ཁྱོད་རྣམས་ཤིན་ཏུ་བདེ་བར་གྱུར་ཅིག 26 བདག་གིས་བསྒོས་པའི་བཀའ་ནི། བདག་གི་རྒྱལ་ཁམས་སུ་འདུས་པའི་འབངས་མི་ཐམས་ཅད་དཱ་ནེ་ཨེལ་གྱི་དཀོན་མཆོག་ལ་གུས་ཤིང་འཇིགས་པར་འོས་པ་ཡིན།
28 དེ་བས་དཱ་ནེ་ཨེལ་ནི་དར་ཡཱས་སྲིད་སྐྱོང་བའི་དུས་དང་ཏ་ཟིག་པ་ཀོ་རེས་ཀྱིས་སྲིད་སྐྱོང་བའི་སྐབས་སུ་དར་བར་གྱུར་ཏོ། །
<- དཱ་ནེ་ཨེལ། 5དཱ་ནེ་ཨེལ། 7 ->