4 དུས་དེ་ཙ་ན་བཀའ་སྒྲོག་མཁན་གྱིས་སྐད་གསང་མཐོན་པོས། ཀྱེ། རྒྱལ་ཁམས་ཁག་དང་མི་རིགས་སོ་སོ། སྐད་རིགས་སོ་སོའི་མི་ཐམས་ཅད་ཀྱིས་ཉོན་དང་། རྒྱལ་པོས་ཁྱོད་ཅག་ལ་བསྒོས་པའི་བཀའ་ནི་འདི་ལྟ་སྟེ། 5 ཁྱོད་ཅག་གིས་རྭ་དུང་དང་གླིང་བུ། པི་ཝང་། ཏམ་བུ་ར། གཞུ་སྦྲེང་། སྦུད་གླིང་ལ་སོགས་རོལ་མོ་སྣ་ཚོགས་ཀྱི་སྒྲ་ཐོས་ཡོང་དུས། རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་བསྒྲེངས་པའི་གསེར་སྐུ་ལ་ལུས་སར་བཏུད་ནས་ཕྱག་འཚལ་དགོས། 6 སུ་ཞིག་གིས་ལུས་སར་བཏུད་ནས་ཕྱག་མ་བཙལ་ན། དེ་མ་ཐག་ཏུ་མེ་ལྕེ་རབ་ཏུ་འབར་བའི་ཐབ་ལ་གཡུག་པར་བྱའོ་ཞེས་བསྒྲགས་སོ། ། 7 དེ་བས་རྒྱལ་ཁམས་ཁག་དང་མི་རིགས་སོ་སོ། སྐད་རིགས་སོ་སོའི་མི་ཐམས་ཅད་ཀྱིས་རྭ་དུང་དང་གླིང་བུ། པི་ཝང་། ཏམ་བུ་ར། གཞུ་སྦྲེང་ལ་སོགས་རོལ་མོ་སྣ་ཚོགས་ཀྱི་སྒྲ་ཐོས་མ་ཐག་ཏུ། རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་བསྒྲེངས་པའི་གསེར་སྐུ་ལ་ཕྱག་བཙལ་ཏོ། །
19 སྐབས་དེར་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ནི་ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་ཀྱི་སྟེང་དུ་ཁོང་ཁྲོ་མེ་ལྟར་འབར་ནས་ཐ་ན་ངོ་མདངས་ཀྱང་འགྱུར་ཏེ། མེ་ཐབ་དེ་རྒྱུན་ལྡན་ལས་ལྡབ་བདུན་གྱིས་ཚ་བར་བཟོ་རུ་བཅུག་པ་དང་། 20 དམག་དཔུང་ལས་དམག་མི་སྟོབས་པོ་ཆེ་འགའ་ལ། ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་དམ་པོར་བཀྱིགས་ནས་མེ་ལྕེ་རབ་ཏུ་འབར་བའི་མེ་ཐབ་ནང་དུ་གཡུག་པའི་བཀའ་གནང་ངོ་། ། 21 དེ་ནས་སྐྱེས་བུ་དེ་གསུམ་པོས་ཕྱི་གོས་དང་རྐང་སྣམ། མགོ་རས། དེ་མིན་གྱོན་པ་གཞན་དག་ལུས་ལ་གྱོན་ནས་ཐག་པས་དམ་པོར་བཀྱིགས་ཏེ་མེ་ལྕེ་རབ་ཏུ་འབར་བའི་མེ་ཐབ་ནང་དུ་གཡུགས་སོ། ། 22 དེ་ཡང་རྒྱལ་པོའི་བཀའ་དེ་ཛ་དྲག་ཆེ་བ་དང་། མེ་ཐབ་ནང་གི་མེ་འབར་བ་ཡང་ཤུགས་དྲག་པའི་རྐྱེན་གྱིས་ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་མེ་ཐབ་ནང་དུ་རྫོང་མཁན་ཐམས་ཅད་མེས་ཚིག་པ་དང་། 23 ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་སྐྱེས་བུ་གསུམ་པོ་ནི་ཐག་པས་བཀྱིགས་ནས་མེ་ལྕེ་རབ་ཏུ་འབར་བའི་མེ་ཐབ་ནང་དུ་ལྷུང་ངོ་། །
24 དེའི་ཚེ་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ཤིན་ཏུ་ཧ་ལས་ཤིང་རྟབ་རྟབ་པོར་ཡར་ལངས་ཏེ་གྲོས་པ་དག་ལ་འདི་ལྟར། ང་ཚོས་སྐྱེས་བུ་གསུམ་བཀྱིགས་ནས་མེ་ཐབ་ཏུ་གཡུགས་པ་མ་ཡིན་ནམ་ཞེས་སྨྲས་པ་ན། དེ་ཚོས་ལན་དུ། ཀྱེ་རྒྱལ་པོ་ལགས། དེ་བཞིན་ཡིན་ནོ་ཞེས་ཞུས་སོ། ། 25 དེར་རྒྱལ་པོ་ན་རེ། འོན་ཀྱང་ངས་སྐྱེས་བུ་བཞི་མེའི་ནང་དུ་རྒྱུ་བ་མཐོང་བྱུང་། དེ་རྣམས་བཀྱིགས་མེད་ལ་རྨས་སྐྱོན་ཡང་བྱུང་མེད་པར་མ་ཟད། སྐྱེས་བུ་བཞི་པ་དེའི་བྱད་བཞིན་ནི་ལྷ་སྲས་ཤིག་དང་འདྲ་བོ་འདུག་ཅེས་སྨྲས་སོ། ། 26 དེ་ནས་ནེ་བོ་ཀད་ནེ་ཙར་ནི་མེ་ལྕེ་རབ་དུ་འབར་བའི་མེ་ཐབ་ཁར་བཅར་ཏེ། ཀྱེ་བླ་ན་མེད་པའི་དཀོན་མཆོག་གི་ཞབས་ཕྱི་ཤད་རག་དང་མེ་ཤག ཨ་བེད་ནེ་གོ་ཁྱེད་རྣམས་ཕྱི་རུ་ཐོན་ཤོག འདི་རུ་ཕེབས་དང་ཞེས་སྐད་བརྒྱབ་པ་ན། ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་པ་མེའི་ཁྲོད་ནས་ཕྱི་རུ་ཐོན་ནོ། ། 27 དེ་ནས་སྤྱི་དཔོན་དང་བཀའ་བློན། བློན་པོ། རྒྱལ་པོའི་གྲོས་པ་བཅས་མཉམ་དུ་འདུས་ཏེ་སྐྱེས་བུ་དེ་གསུམ་པོར་རུབ་ནས་བལྟས་པ་ལ། མེ་ཡིས་ཁོ་ཚོའི་ལུས་སྟེང་དུ་སྐྱོན་ཅི་ཡང་བཟོ་མ་ཐུབ་པར་མ་ཟད། མགོའི་སྐྲ་ཉག་གཅིག་ཀྱང་ཚིག་མེད་པ་དང་གྱོན་གོས་དག་ཀྱང་བསྲེགས་མེད་ལ། ཐ་ན་ཁོ་ཚོའི་ལུས་སྟེང་ལ་དུ་བའི་དྲི་མ་ཙམ་ཡང་མི་བྲོ་བ་རེད།
28 དེ་ནས་ནེ་བོ་ཀད་ནེ་ཙར་ན་རེ། ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་ཀྱི་དཀོན་མཆོག་ནི་བསྟོད་ཅིང་བསྔགས་པར་འོས་ཏེ། ཁོང་གིས་ཕོ་ཉ་མངགས་ནས་ཁོང་ལ་བརྟེན་པའི་ཞབས་ཕྱི་རྣམས་བསྐྱབས་པ་རེད། ཁོ་ཚོས་རྒྱལ་པོའི་བཀའ་དང་འགལ་ནས་རང་སྲོག་འབེན་ལ་འཇོག་དགོས་བྱུང་ནའང་། རང་ཉིད་ཀྱི་དཀོན་མཆོག་མ་གཏོགས་ལྷ་གཞན་གང་ལ་ཡང་ཞབས་ཏོག་མི་བསྒྲུབ་ལ་ཕྱག་ཀྱང་མི་འཚལ་ལོ། ། 29 དེ་བས་ན་བདག་གིས་བསྒོས་པའི་བཀའ་རྒྱ་ནི། རྒྱལ་ཁམས་ཁག་དང་མི་རིགས་སོ་སོ། སྐད་རིགས་སོ་སོའི་མི་ཐམས་ཅད་ཀྱིས་ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་ཀྱི་དཀོན་མཆོག་ལ་སྐུར་བ་བཏབ་མི་ཆོག་ལ། གལ་ཏེ་སུ་ཞིག་གིས་སྐུར་བ་བཏབ་ན་དེ་ནི་དུམ་བུ་དུམ་བུར་གཏུབ་ཅིང་ཁང་པ་རྣམས་ཞིག་རོར་ལུས་པར་འགྱུར། གང་ལ་ཞེ་ན། འདི་ལྟར་བསྐྱབ་ནུས་པའི་དཀོན་མཆོག་གཞན་ཞིག་གཏན་ནས་ཡོད་མ་ཡིན་ཞེས་སྨྲས་སོ། ། 30 དེ་ནས་ནེ་བོ་ཀད་ནེ་ཙར་གྱིས་ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་ལ་པཱ་པེལ་ལོན་མངའ་སྡེ་ནས་གོ་གནས་མཐོན་པོ་སྤྲད་དོ། །
<- དཱ་ནེ་ཨེལ། 2དཱ་ནེ་ཨེལ། 4 ->