2 ད་ལྟ་བདག་གིས་ཁྱོད་ལ་བདེན་པ་ཉིད་དེ་འཆད་པར་བྱ་སྟེ། ལྟོས་དང་། ཏ་ཟིག་ཡུལ་ནས་ད་དུང་རྒྱལ་པོ་གསུམ་འབྱུང་བར་འགྱུར་ཞིང་། རྒྱལ་པོ་བཞི་པ་དེ་ནི་གཞན་ཀུན་ལས་ཀྱང་ཕྱུག་པོར་འགྱུར་ངེས་ཡིན། ཁོ་རང་ཕྱུག་པོ་ཡིན་པའི་རྐྱེན་གྱིས་སྟོབས་ཤུགས་ཅན་དུ་གྱུར་རྗེས། རྒྱལ་ཁབ་སོ་སོར་ངན་སྐུལ་བྱས་ཏེ་གྷི་རི་སི་རྒྱལ་ཁམས་ལ་རྒོལ་བར་བྱེད་དོ། ། 3 དེ་ནས་རྒྱལ་པོ་དཔའ་རྒོད་ཅིག་ཐོན་ཏེ་དབང་ཆེན་པོས་སྲིད་འཛིན་ཞིང་གང་འདོད་ལྟར་བསྒྲུབ་ངེས་ཡིན། 4 ཁོ་རང་དར་རྒྱས་སུ་འགྲོ་བའི་དུས་སུ། ཁོའི་རྒྱལ་ཁམས་འཇིག་ནས་ཕྱོགས་བཞི་རུ་འཐོར་བར་འགྱུར་ལ། དེ་ནི་ཁོའི་རིགས་རྒྱུད་ལ་མི་གཏོགས་ཤིང་རྒྱལ་ཁམས་ཀྱི་སྟོབས་ཤུགས་ཀྱང་ཁོས་དབང་སྒྱུར་བའི་སྐབས་ལ་མི་དོའོ། །ཁོའི་རྒྱལ་ཁམས་རྩ་བ་ནས་ཕྱུང་སྟེ་རིགས་རྒྱུད་གཞན་དག་ལ་གཏོགས་པར་འགྱུར་རོ། །
5 དེ་ཡང་ལྷོ་ཕྱོགས་ཀྱི་རྒྱལ་པོ་དེ་སྟོབས་དང་ལྡན་པར་འགྱུར་མོད། འོན་ཀྱང་ཁོའི་དམག་དཔོན་ནང་གི་གཅིག་ནི་ཁོ་ལས་ཀྱང་སྟོབས་དང་ལྡན་པར་འགྱུར་ཞིང་། དེས་སྲིད་དབང་འཛིན་པ་དང་དབང་ཤུགས་ཤིན་ཏུ་ཆེན་པོར་འགྱུར་རོ། ། 6 ལོ་མང་པོ་འདས་རྗེས། ལྷོ་ཕྱོགས་ཀྱི་རྒྱལ་པོའི་སྲས་མོ་ནི་བྱང་ཕྱོགས་ཀྱི་རྒྱལ་པོའི་དྲུང་དུ་སོང་སྟེ་འབྲེལ་ལམ་ཡག་པོ་བཙུགས་ནས་ཕན་ཚུན་མནའ་འབྲེལ་དུ་འགྱུར་མོད། འོན་ཀྱང་ཁོ་མོའི་དབང་སྟོབས་རྒྱུན་འཁྱོངས་བྱེད་མི་ཐུབ་པ་དང་། རྒྱལ་པོ་དང་ཁོའི་སྟོབས་ཤུགས་ཀྱང་རྒྱུན་འཁྱོངས་བྱེད་མི་ཐུབ་བོ། །བུད་མེད་འདི་དང་ཁོ་མོ་ཁྲིད་འོང་མཁན་དང་། ཁོ་མོའི་ཕ་དང་། ཁོ་མོར་རོགས་བྱེད་མཁན་བཅས་ཐམས་ཅད་གསོད་པར་འགྱུར་རོ། ། 7 ཁོ་མོའི་ཁྱིམ་རྒྱུད་ལས་བུ་ཞིག་ཐོན་ཏེ་རྒྱལ་སྲིད་འཛིན་པར་འགྱུར་ཞིང་། ཁོས་དམག་དཔུང་ཁྲིད་ནས་བྱང་ཕྱོགས་ཀྱི་རྒྱལ་པོའི་བཙན་རྫོང་དུ་ལྷགས་ཏེ། དེ་རྣམས་ལ་རྒོལ་ནས་རྒྱལ་ཁ་ལེན་པར་འགྱུར། 8 ཡང་ཁོས་དེ་རྣམས་ཀྱི་ལྷ་སྐུ་དང་བླུགས་སྐུ། གསེར་དང་དངུལ་གྱི་དངོས་པོ་རྣམས་ཀྱང་ཕྲོགས་ནས་ཨེ་ཅིབ་ཡུལ་དུ་འཁྱེར་འགྲོ་ཞིང་། དེའི་རྗེས་ཀྱི་ལོ་འགའ་ཤས་རིང་བྱང་ཕྱོགས་ཀྱི་རྒྱལ་པོར་ངོ་རྒོལ་མི་བྱེད་པར་བསྐྱུར་ངེས་ཡིན། 9 དེའི་རྗེས་སུ་བྱང་ཕྱོགས་ཀྱི་རྒྱལ་པོས་ངེས་པར་ལྷོ་ཕྱོགས་ཀྱི་རྒྱལ་པོའི་མངའ་ཁོངས་ལ་རྒོལ་བར་བྱེད་མོད། འོན་ཀྱང་རང་གི་ཡུལ་དུ་ཕྱིར་ལོག་པར་འགྱུར། 10 བྱང་ཕྱོགས་ཀྱི་རྒྱལ་སྲས་རྣམས་ཀྱིས་དམག་འཁྲུག་སློང་ཞིང་དམག་དཔུང་ཆེན་པོ་བསྡུས་ཏེ། དེ་ནི་ཆུ་ལོག་རྒྱུག་པ་བཞིན་མདུན་དུ་བསྐྱོད་ཅིང་། ཡང་བསྐྱར་དམག་དྲངས་ཏེ་ལྷོ་ཕྱོགས་ཀྱི་རྒྱལ་པོའི་བཙན་རྫོང་ལེན་པའི་བར་དུ་འཐབ་པར་བྱའོ། །
11 དེ་ནས་ལྷོ་ཕྱོགས་ཀྱི་རྒྱལ་པོ་རབ་ཏུ་ཁྲོས་ནས་ཐོན་ཏེ་བྱང་ཕྱོགས་ཀྱི་རྒྱལ་པོར་གཡུལ་འགྱེད་པ་དང་། བྱང་ཕྱོགས་ཀྱི་རྒྱལ་པོས་དམག་དཔུང་ཆེན་པོ་བཤམས་ནའང་དེ་ནི་ལྷོ་ཕྱོགས་ཀྱི་རྒྱལ་པོའི་ལག་ཏུ་ཕམ་པར་འགྱུར། 12 དམག་དཔུང་དེ་རྡུལ་དུ་བརླགས་པའི་རྗེས་སུ། ལྷོ་ཕྱོགས་ཀྱི་རྒྱལ་པོའི་སེམས་ཁེངས་པར་གྱུར་ནས་མི་འབོར་ཁྲི་ཁྲི་འབུམ་འབུམ་གསོད་པར་འགྱུར་ནའང་ཁོའི་རྒྱལ་ཁ་ཡུན་རིང་མི་གནས། 13 བྱང་ཕྱོགས་ཀྱི་རྒྱལ་པོས་ཡང་བསྐྱར་དམག་དཔུང་སྔར་ལས་འབོར་ཆེན་བསྡུ་བར་བྱེད་ཅིང་། དུས་སུ་བབ་པ་ན་ཁོས་གོ་མཚོན་ལྡན་པའི་དམག་དཔུང་ཆེན་པོ་ཁྲིད་ནས་འོང་ངེས་ཡིན། 14 དུས་དེར། མི་མང་པོ་ཡར་ལངས་ནས་ལྷོ་ཕྱོགས་ཀྱི་རྒྱལ་པོར་དམག་འདྲེན་པར་མ་ཟད། ཁྱོད་ཀྱི་མི་སྡེ་ཁྲོད་ཀྱི་མི་གདུག་རྩུབ་ཅན་རྣམས་ཀྱང་དཔའ་ངར་དང་བཅས་ཡར་ལངས་ནས་ཞལ་གཟིགས་དེ་འགྲུབ་པར་བྱེད་ནའང་དེ་རྣམས་ཕམ་པར་འགྱུར་རོ། ། 15 དེ་ནས་བྱང་ཕྱོགས་ཀྱི་རྒྱལ་པོ་འོངས་ནས་ས་རགས་བརྩིགས་ཏེ་མཁར་བརྟན་པོ་ལེན་པར་བྱེད་ཅིང་། ལྷོ་ཕྱོགས་ཀྱི་དམག་དཔུང་གིས་དེ་འགོག་མི་ཐུབ་ལ། ཐ་ན་སྟོབས་དང་ལྡན་པའི་དམག་དཔུང་གིས་ཀྱང་དེ་འགོག་མི་ཐུབ་བོ། ། 16 ལྷོ་ཕྱོགས་ཀྱི་རྒྱལ་པོར་འཐབ་དུ་འོངས་པ་དེས་ཅི་འདོད་ལྟར་བྱེད་ཅིང་། དེའི་མདུན་དུ་མི་གཅིག་ཀྱང་ཚུགས་མི་ཐུབ། ཁོ་ནི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སུ་སྡོད་ཅིང་ཡུལ་དེར་གཏོར་བརླག་བྱེད་པའི་དབང་ཡང་ཡོད་དོ། ། 17 ཁོས་རྒྱལ་ཁམས་ཧྲིལ་པོའི་སྟོབས་ཤུགས་བསྡུས་ནས་འོང་བའི་བློ་ཐག་བཅད་པ་དང་། ལྷོ་ཕྱོགས་ཀྱི་རྒྱལ་པོར་མཐུན་འབྲེལ་བྱས་ཏེ་རང་གི་སྲས་མོ་ལྷོ་ཕྱོགས་ཀྱི་རྒྱལ་པོར་བཙུན་མོ་རུ་གནང་ཞིང་། དེའི་རྒྱལ་སྲིད་རྩ་མེད་དུ་གཏོང་བའི་སེམས་ངན་བཅངས་ནའང་། ཐབས་ཇུས་དེ་འགྲུབ་ཐབས་མེད་ལ་ཁོ་རང་ཉིད་ལའང་ཕན་ཐོགས་ཅི་ཡང་མེད། 18 དེའི་རྗེས་སུ་བྱང་ཕྱོགས་ཀྱི་རྒྱལ་པོ་ནི་མཚོ་འགྲམ་གྱི་སྐམ་ས་རྣམས་ཀྱི་ཕྱོགས་སུ་འཁོར་ནས་གླིང་ཕྲན་མང་པོ་དབང་དུ་བསྒྱུར་བར་འགྱུར། འོན་ཀྱང་དམག་སྤྱི་ཆེན་པོ་ཞིག་གིས་ཁོའི་ཁེངས་དྲེགས་མེད་པར་བཟོ་བར་མ་ཟད། ཁོའི་ཁེངས་དྲེགས་ནི་ཁོ་རང་གི་སྟེང་ལ་འཕོག་པར་བྱེད། 19 དེ་ནས་ཁོ་ནི་རང་ཡུལ་གྱི་བཙན་རྫོང་དུ་ཕྱིར་ལོག་ཅིང་། མཐར་འདྲེད་བརྡབ་ཤོར་ནས་སར་འགྱེལ་ཏེ་མེད་པར་འགྱུར་རོ། ། 20 དུས་དེར་མི་གཞན་ཞིག་འོངས་ནས་ཁོའི་རྒྱལ་སྲིད་ཀྱི་རྒྱུན་འཛིན་པར་བྱེད་ཅིང་། མི་དེས་རྒྱལ་ཁམས་ཀྱི་དཔལ་ཡོན་དར་བའི་ཆེད་དུ། བློན་པོ་གདུག་རྩུབ་ཅན་ཞིག་མངགས་ནས་དཔྱ་ཁྲལ་བཙན་གྱིས་བསྡུ་བར་བྱེད། རྒྱལ་པོ་འདི་ནི་དུས་ཡུན་རིང་པོ་མི་འགྱང་བར་ཤི་བར་འགྱུར་མོད། དེ་ནི་ཁོང་ཁྲོ་དང་དམག་འཐབ་ཀྱི་རྐྱེན་གྱིས་ཤི་བ་མ་ཡིན་ནོ། །
36 དེ་ནས་རྒྱལ་པོ་དེས་གང་འདོད་ལྟར་བྱེད་ཅིང་ཁེངས་སེམས་བཅངས་ཏེ་རང་ཉིད་ལྷ་ཐམས་ཅད་ལས་ཁྱད་དུ་འཕགས་པར་བྱེད་ཅིང་། ཡང་འཆལ་གཏམ་སྨྲས་ཏེ་ལྷ་རྣམས་ཀྱི་དཀོན་མཆོག་ལ་རྒོལ་བར་འགྱུར། གཙོ་བོའི་ཐུགས་ཁྲོ་ཡོངས་སུ་རྫོགས་པའི་བར་དུ་ཁོས་ཅི་བྱས་དོན་ཀུན་འགྲུབ་པར་འགྱུར་ཏེ། རྒྱུ་མཚན་ནི་གཏན་ལ་ཁེལ་བའི་དོན་ནི་དེ་བཞིན་འབྱུང་ངེས་པའི་ཕྱིར་རོ། ། 37 ཁོས་རང་གི་ཕ་མེས་ཡང་མེས་རྣམས་ཀྱི་ལྷ་ཚོགས་དང་། བུད་མེད་རྣམས་ཀྱིས་འདོད་པའི་ལྷ་ལའང་མི་བཀུར་ཞིང་། ལྷ་གཞན་གང་ལའང་བཀུར་བར་མི་བྱ་སྟེ། རང་ཉིད་ཀུན་ལས་འཕགས་པར་སྙམ་པས་སོ། ། 38 དེ་ལས་ལྡོག་སྟེ་བཙན་རྫོང་སྲུང་བའི་ལྷ་ལ་བཀུར་ཞིང་། ཡབ་མེས་རྣམས་ལ་རྒྱུས་མེད་པའི་ལྷ་ཞིག་ལ་གསེར་དང་དངུལ། རྡོ་རིགས་ཀྱི་རིན་པོ་ཆེ་དང་རིན་ཐང་ཆེ་བའི་རྫས་གཞན་དག་གིས་མཆོད་པར་འགྱུར། 39 ཕྱི་ཕྱོགས་པའི་ལྷ་ཡི་སྐྱབས་ལ་བརྟེན་ནས་བཙན་རྫོང་བརྟན་པོ་རྣམས་གཏོར་བར་འགྱུར་ཞིང་། ཁོ་རང་ཁས་ལེན་མཁན་རྣམས་ལ་གཟི་བརྗིད་མང་དུ་གནང་བ་དང་། དེ་དག་མི་མང་པོར་དབང་བྱེད་དུ་བསྐོ་ཞིང་ཡུལ་རྣམས་བགོས་ནས་རྔན་པ་སྤྲོད་པར་འགྱུར་རོ། །
40 དུས་ཀྱི་མཐའ་མར་ལྷོ་ཕྱོགས་ཀྱི་རྒྱལ་པོས་རྒྱལ་པོ་དེ་ལ་གཡུལ་འགྱེད་པ་དང་། བྱང་ཕྱོགས་ཀྱི་རྒྱལ་པོས་ཤིང་རྟ་དང་རྟ་དམག དམག་གྲུ་མང་པོ་བཅས་བཀོལ་ནས་རླུང་ནག་འཚུབ་མ་བཞིན་འོངས་ཏེ་རྒྱལ་པོ་དེ་ལ་རྒོལ་ཞིང་། ཆུ་ལོག་རྒྱུག་པ་བཞིན་ཡུལ་ལྗོངས་མང་པོར་བཙན་འཛུལ་བྱེད་པར་འགྱུར་རོ། ། 41 ཁོས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་ལའང་བཙན་འཛུལ་བྱེད་པ་དང་། རྒྱལ་ཁབ་མང་པོ་བརླག་པར་འགྱུར་རོ། །འོན་ཀྱང་ཨེ་དོམ་པ་དང་མོ་ཨབ་པ། ཨམ་མོན་པའི་འགོ་དཔོན་བཅས་ནི་ཁོའི་ལག་ནས་ཐར་བར་འགྱུར་རོ། ། 42 ཁོས་ལག་པ་བརྐྱངས་ནས་རྒྱལ་ཁབ་མང་པོར་རྒོལ་བར་བྱེད་ཅིང་ཨེ་ཅིབ་ཡུལ་ཡང་དེ་ལས་ཐར་མི་ཐུབ། 43 ཁོས་ཨེ་ཅིབ་ཡུལ་གྱི་གསེར་དངུལ་དང་རིན་པོ་ཆེའི་གཏེར་རྣམས་བདག་གིར་འཛིན་པ་དང་། ལེབ་ཡཱ་པ་དང་གུ་ཤ་པ་རྣམས་ཀྱང་ཁོའི་རྗེས་སུ་འབྲང་བར་འགྱུར། 44 འོན་ཀྱང་ཤར་ཕྱོགས་དང་བྱང་ཕྱོགས་ནས་བརྡ་ཞིག་སླེབས་འོང་སྟེ་ཁོའི་སེམས་འཁྲུག་པར་བྱེད་ཅིང་། ཁོ་རང་ཤིན་ཏུ་ཁྲོས་ནས་མི་མང་པོ་དམར་གསོད་བྱེད་པར་འགྱུར། 45 ཁོས་རྒྱ་མཚོ་དང་བརྗིད་རྔམ་ཆེ་བའི་རི་བོ་དམ་པ་གཉིས་ཀྱི་བར་མཚམས་སུ་དམག་སྒར་ཕོ་བྲང་ལྟ་བུ་ཕུབ་ནའང་། ཁོ་ལ་རོགས་བྱེད་མཁན་སུ་ཡང་མེད་པར་གཅིག་པུ་འཆི་བར་འགྱུར་རོ་ཞེས་གསུངས་སོ། །
<- དཱ་ནེ་ཨེལ། 10དཱ་ནེ་ཨེལ། 12 ->