Link to home pageLanguagesLink to all Bible versions on this site

༄༅། །ཡོ་ཧ་ནན་གྱི་འཕྲིན་ཡིག་གསུམ་པ།
ཡོ་ཧ་ནན་གྱི་འཕྲིན་ཡིག་གསུམ་པའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཡོ་ཧ་ནན་གྱིས་ཡུལ་ཕྱོགས་སོ་སོར་ཆོས་སྤེལ་དུ་མངགས་པའི་དགེ་རྒན་རྣམས་ཨེ་ཞི་ཡཱ་ཞིང་ཆེན་དུ་ཡོད་པའི་ཆོས་ཚོགས་ཤིག་གི་དབུ་ཁྲིད་སྒེར་གཅོད་པ་ཏི་ཏྲེ་ཕེ་ཞེས་བྱ་བས་ཁས་མ་བླངས་པར་མ་ཟད། ཁོས་ཡོ་ཧ་ནན་གྱིས་མངགས་པའི་དགེ་རྒན་རྣམས་ལ་དགའ་བསུ་བྱེད་མཁན་ཏེ་རང་གི་ཆོས་ཚོགས་ཀྱི་མི་རྣམས་ཀྱང་གནས་དབྱུང་བཏང་བ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ནི་སྤྱི་ལོ་90ལོའི་ཡས་མས་སུ་ཡི་གེར་བཀོད་པའི་ཡོ་ཧ་ནན་གྱི་འཕྲིན་ཡིག་དང་པོ་དང་གཉིས་པའི་སྐབས་དང་དུས་མཚུངས་སུ་བྲིས་པ་ཡིན་ལ། ཡི་གེར་འགོད་མཁན་ནི་སྐུ་ཚབ་པ་ཡོ་ཧ་ནན་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་འདི་འབྱོར་ཡུལ་ནི་ཡོ་ཧ་ནན་གྱི་གྲོགས་པོ་སྟེ་ཆོས་ཚོགས་ཀྱི་བདག་སྐྱོང་པ་ཀེ་ཡུ་ཞེས་པ་ཡིན་ལ། ཡོ་ཧ་ནན་གྱིས་རང་ལ་རྒྱབ་སྐྱོར་གནང་མཁན་ཀེ་ཡུ་ལ་བསྔགས་བརྗོད་དང་བཀའ་དྲིན་ཞུས་ནས་ཁོ་ལ་སྙིང་སྟོབས་བསྐྱེད་པའི་ཕྱིར་དུ་འཕྲིན་ཡིག་འདི་བྲིས་པ་རེད། ཡོ་ཧ་ནན་གྱིས་སྒེར་གཅོད་པ་ཏི་ཏྲེ་ཕེ་ཡིས་ཁོང་གི་སྣེ་ཁྲིད་ལ་མཉམ་འབྲེལ་མི་བྱེད་པར་གྱེན་ལོག་བྱས་པ་ལ་བཀའ་བཀྱོན་གནང་ཞིང་། ཕྱིས་སུ་ཡོ་ཧ་ནན་མི་དེར་དངོས་སུ་ངོ་ཐུག་ནས་དོན་དག་དེ་ཐག་གིས་གཅོད་པར་འགྱུར།
འཆར་ཟིན།
1. ཁམས་འདྲི། ༼1-2༽
2. ཀེ་ཡུ་ལ་བསྔགས་བརྗོད་གནང་བ། ༼3-8༽
3. ཏི་ཏྲེ་ཕེ་ལ་བཀའ་བཀྱོན་བཏང་བ། ༼9-10༽
4. ཀེ་ཡུ་ལ་སྐུལ་མ་གནང་བ། ༼11༽
5. ཏི་མེ་ཏྲེ་མིག་དཔེར་བཀོད་པ། ༼12༽
6. མཇུག་སྡོམ། ༼13-14༽

1
བདེན་པ་ཉིད་བཞིན་སྤྱད་པ་སྤྱོད་པ།
1 དེ་ཡང་ཆོས་ཚོགས་ཀྱི་རྒན་པོ་བདག་གིས་སྙིང་ནས་བརྩེ་ཞིང་གཅེས་པར་བྱེད་པའི་ཀེ་ཡུ་ལ་འཕྲིན་ཡིག་འདི་སྤྲིངས་པའོ།།

2 སྙིང་ནས་བརྩེ་བའི་སྤུན་ཟླ༌ལགས། ཁྱོད་ཀྱི་སེམས་ཁམས་བདེ་བ་བཞིན་དུ། ཁྱོད་ཀྱི་ལས་དོན་འགྲུབ་ཅིང་ལུས་ཁམས་ཀྱང་བདེ་བར༌སྨོན། 3 དེ་སྔར་སྤུན་ཟླ་འགའ་ཞིག་ཡོང་ནས་ཁྱོད་ཀྱི་སེམས་སུ་བདེན་པ་ཉིད་ཡོད་པར་བདེན་དཔང་བྱས་ཤིང་། དེ་ནི་ཁྱོད་ཀྱིས་བདེན་པ་ཉིད་ལ་སྤྱོད་བཞིན་ཡོད་པས། ང་རང་ཤིན་ཏུ་དགའ་བར་གྱུར་ཏོ།། 4 ངའི་བུ་ཕྲུག་རྣམས་ཀྱིས་བདེན་པ་ཉིད་ཀྱི་ནང་དུ་སྤྱོད་པ་བདག་གིས་ཐོས་ཤིང་། བདག་ལ་འདི་ལས་ལྷག་པའི་དགའ་སྤྲོ་ནི་མེད་དོ།།

5 སྙིང་ནས་བརྩེ་བའི་སྤུན་ཟླ༌ལགས། སྤུན་ཟླ་མགྲོན་པོ་རྣམས་ནི་རྒྱུས་མེད་ཡིན་ཡང་ཁྱོད་ཀྱིས་དེ་རྣམས་ལ་ལས་གང་ཞིག་བྱས་པ་ནི་བློ་སེམས་དཀར་བ་ཡིན་ནོ།། 6 དེ་རྣམས་ཀྱིས་ཆོས་ཚོགས་ཀྱི་མདུན་དུ་ཁྱོད་ཀྱི་བྱམས་པ་ལ་བདེན་དཔང་བྱས༌ཤིང༌། ད་ལྟ་ཁྱོད་ཀྱིས་དཀོན་མཆོག་གི་སྤྱན་སྔར་ཅི་ཞིག་བྱ་འོས་པ་བཞིན་དུ། ཁོ་རྣམས་ལ་རོགས་རམ་བྱས་ནས་མདུན་དུ་བསྐྱོད་ན་ལེགས་སོ།། 7 ཅིའི་ཕྱིར་ཞེ་ན། ཁོ་རྣམས་ནི་ཁོང་གི་མཚན་གྱི་ཆེད་དུ་ཕྱིར་སོང་བ་ཡིན་ལ། ཕྱི་ཕྱོགས་པ་རྣམས་ལས་ཅི་ཡང་མ་བླངས་པའི་ཕྱིར་ཡིན། 8 དེའི་ཕྱིར། བདག་ཅག་ཀྱང་བདེན་པ་ཉིད་ཀྱི་ལས་གྲོགས་སུ་འགྱུར་བའི་ཕྱིར། མི་འདི་ལྟ་བུ་རྣམས་ལ་བསུ་བ་བྱེད་དགོས༌སོ།།

9 སྔོན་ཆད་བདག་གིས་ཆོས་ཚོགས་ལ་འཕྲིན་ཡིག་གཞན་ཞིག་སྤྲིངས་མྱོང༌མོད། འོན་ཀྱང་ཆོས་ཚོགས་ནང་དུ་འགོ་འཛིན་བྱེད་པར་དགའ་མཁན་ཏི་ཏྲེ་ཕེ་ཡིས་ངེད་ཅག་ཁས་མ་བླངས་སོ།། 10 དེའི༌ཕྱིར། ང་རང་གནས་དེར་ཡོང་བ་ཡིན་ན། ཁོས་ཅི་ཞིག་བྱེད་བཞིན་པ་ཀུན་ལ་ཁྱབ་སྒྲོག་བྱེད་ངེས་ཡིན་ཏེ། ཁོས་ངེད་ཅག་ལ་གཏམ་ངན་སྨྲས་ནས་སྙོན་འཛུགས༌པར་ཡིད་མི་ཚིམ་པར་མ་ཟད། ཁོས་སྤུན་ཟླར་སྣེ་ལེན་བྱེད་པ་ལྟ་ཅི། སྣེ་ལེན་བྱེད་འདོད་མཁན་གཞན་ལ་བཀག་འགོག་བྱས་ཏེ། སྣེ་ལེན་བྱེད་མཁན་དེའང་ཆོས་ཚོགས་ལས་ཕྱིར་སྐྲོད༌པར་བྱེད་དོ།།

11 སྙིང་ནས་བརྩེ་བའི་སྤུན་ཟླ༌ལགས། ལས་ངན་པ་དཔེ་རུ་མི་གཟུང་ལ། ལས་བཟང་པོ་དཔེ་རུ་ལེན་པར་བྱའོ།། ལས་བཟང་པོ་བྱེད་མཁན་ནི་དཀོན་མཆོག་ལ་གཏོགས་ཤིང་། ལས་ངན་པ་བྱེད་མཁན་ནི་དཀོན་མཆོག་མཇལ་མྱོང་བ་མེད། 12 སྔོན་ཆད་ཏི་མེ་ཏྲེ་ལ་མི་ཐམས་ཅད་ཀྱིས་བདེན་དཔང་བྱས་ཤིང་། བདེན་པ་ཉིད་ཀྱིས་ཀྱང་བདེན་དཔང་བྱས་པ༌དང༌། ངེད་ཅག་གིས་ཀྱང་བདེན་དཔང་བྱེད་དེ། ཁྱོད་ཀྱིས་ཀྱང་ངེད་ཅག་གི་བདེན་དཔང་ནི་བདེན་པ་ཡིན་པར་ཤེས་སོ།།

13 བདག་ལ་ད་དུང་ཁྱོད་ལ་འབྲི་བྱ་མང་པོ་ཡོད༌ནའང་། སྨྱུག་གུ་དང་སྣག་ཚ་ལ་བརྟེན་ནས་ཡིག་ཐོག་ཏུ་འགོད་མི་འདོད༌དེ། 14 མི་འགྱངས་པར་ཁྱོད་དང་འཕྲད་ཅིང་གདོང་ཐུག་ནས་གླེང་མོལ་བྱ་ཐུབ་པར་རེ་བ་བྱེད་དོ།།

15 མཇུག་མཐར་ཁྱོད་ལ་ཞི་བདེ་འཐོབ་པར་ཤོག གྲོགས་པོ་རྣམས་ཀྱིས་ཀྱང་ཁྱོད་ལ་འཚམས་འདྲི༌ཞུའོ།། ཁྱོད་ཀྱིས་བདག་གི་ཚབ་ཏུ་གྲོགས་པོ་རེ་རེའི་མིང་བཞིན་དུ་འཚམས་འདྲི་ཞུ་བར་བྱའོ།། །།