Link to home pageLanguagesLink to all Bible versions on this site
ལེའུ་བཞི་པ།
ཨེ་ལི་ཤཱ་དང་ཡུགས་མོ་ཞིག་གི་སྣུམ་སྣོད།
1 དེ་ཡང་ལུང་སྟོན་པའི་སློབ་བུ་གཅིག་གི་ཆུང་མས་ཨེ་ལི་ཤཱའི་དྲུང་དུ་འོ་དོད་དང་བཅས་ཏེ། ཁྱེད་ཀྱི་ཞབས་ཕྱི་སྟེ་བདག་གི་ཁྱོ་བོ་ནི་ཚེ་ལས་འདས་ཤིང་། ཁོ་ནི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པ་ཁྱེད་ཀྱིས་ཤེས་ལ། ད་ལྟ་བུན་བདག་ནི་ངའི་བུ་གཉིས་ཁོ་ལ་གཡོག་པོ་བྱེད་ཆེད་འཛིན་དུ་འོང་ངོ་ཞེས་ཞུས་པ་དང་། 2 ཨེ་ལི་ཤཱས་ཁོ་མོར་ངས་ཁྱོད་ཀྱི་དོན་དུ་ཅི་བྱའམ། ཁྱོད་ཀྱི་ཁྱིམ་དུ་ཅི་ཡོད་པ་བདག་ལ་ཤོད་ཅིག་ཅེས་བསྒོས་པས། ཁོ་མོ་ན་རེ། ཞལ་ཏ་མ་ངའི་ཁྱིམ་དུ་སྣུམ་རྫ་བུམ་གང་མ་གཏོགས་གཞན་ཅི་ཡང་མེད་ཅེས་ཞུས་པ་དང་། 3 ཨེ་ལི་ཤཱས། ཁྱོད་རང་ཕྱི་རུ་སོང་སྟེ། ཉེ་འཁོར་གྱི་ཁྱིམ་མཚེས་ཐམས་ཅད་ལས་རང་ཉིད་ལ་སྣོད་སྟོང་པ་གཡོར་དང་། གང་ནུས་ཀྱིས་མང་པོ་གཡོར་ཅིག 4 ཕྱིར་ཁྱིམ་དུ་ལོག་ཚེ་ཁྱོད་དང་ཁྱོད་ཀྱི་བུ་གཉིས་ཀྱིས་སྒོ་གཏན་ནས་སྣོད་ཐམས་ཅད་ཀྱི་ནང་དུ་སྣུམ་བླུགས་ཤིག ཁ་བཀང་རྗེས་འགྲམ་ཞིག་ཏུ་ཞོག་ཅིག་ཅེས་གསུངས། 5 དེ་ནས་ཁོ་མོ་ཁོང་དང་བྲལ་ནས་རང་དང་བུ་གཉིས་ཡོད་སའི་ཁང་སྒོ་གཏན་པ་དང་། ཁོ་མོའི་བུ་གཉིས་ཀྱིས་རྒྱུན་ཆད་མེད་པར་སྣོད་ཁྱེར་འོངས་པ་དང་ཁོ་མོས་དེ་དག་གི་ནང་དུ་སྣུམ་བླུགས་སོ། ། 6 སྣོད་རྣམས་ཁ་བཀང་བའི་ཚེ་ཁོ་མོས་བུ་ལ་ད་དུང་སྣོད་ཁྱེར་ཤོག་ཅེས་སྨྲས་པར། བུ་ཡིས་ཁོ་མོར་ད་ནི་སྣོད་མེད་དོ་ཞེས་སྨྲས་པ་དང་སྣུམ་ཡང་ཆད་པར་གྱུར་ཏོ། ། 7 དེ་ནས་ཁོ་མོ་སོང་སྟེ་དཀོན་མཆོག་གི་སྐྱེས་བུ་ལ་ཞུས་པ་ན། ཁོང་གིས་ད་སོང་ལ་སྣུམ་བཙོངས་ཏེ་ཁྱོད་ཀྱི་བུ་ལོན་འཇལ་ཡག་བྱོས། ལྷག་མ་དེ་ཁྱོད་དང་ཁྱོད་ཀྱི་བུ་གཉིས་ཀྱི་འཚོ་རྒྱགས་བྱོས་ཤིག་ཅེས་གསུངས་སོ། །
ཨེ་ལི་ཤཱ་དང་ཤུ་ནེམ་གྱི་བུད་མེད།
8 ཉིན་ཞིག་ལ་ཨེ་ལི་ཤཱ་ཁོང་ཉིད་ཤུ་ནེམ་བརྒྱུད་ནས་འགྲོ་དུས། དེར་གནས་པའི་བུད་མེད་ཕྱུག་བདག་ཅིག་གིས་ཁོང་ཉིད་གསོལ་བ་བཞེས་པར་ནན་གྱིས་ཞུས་ཤིང་། ཕྱིས་སུ་ཁོང་ལམ་དེ་བརྒྱུད་ནས་འགྲོ་ཐེངས་རེར་ནང་དུ་ཕེབས་ནས་གསོལ་བ་བཞེས་པ་རེད། 9 བུད་མེད་དེས་རང་གི་ཁྱོ་བོ་ལ། ལྟོས་དང་། རྒྱུན་དུ་ངེད་ཅག་གི་ལམ་འདི་བརྒྱུད་ནས་ཕེབས་པ་འདི་ནི་དཀོན་མཆོག་གི་སྐྱེས་བུ་ཞིག་ཡིན་པ་ངས་ཤེས་སོ། ། 10 རང་ཅག་གིས་ཁང་སྟེང་ནས་རྩིག་པ་དང་ལྡན་པའི་ཁང་ཆུང་ཞིག་ཕུབ་ན་ལེགས་ཏེ། དེའི་ནང་དུ་ཁོང་ལ་མལ་ཁྲི་དང་། མདུན་ཅོག་དང་། རྐུབ་བཀྱག་དང་། སྒྲོན་མེ་བཅས་འཇོག་པར་བྱའོ། །དེ་ནས་ཁོང་ཉིད་རང་ཅག་གི་གམ་དུ་ཕེབས་པའི་དུས་སུ་དེར་སྐུ་ངལ་གསོས་ཆོག་པ་ཡིན་ཞེས་སྨྲས་སོ། །

11 དེ་ཡང་ཉིན་ཞིག་ལ་ཨེ་ལི་ཤཱ་དེར་ཕེབས་ཤིང་། ཡར་ཁང་མིག་དེའི་ནང་དུ་འཛུལ་ནས་བསྙེས་པ་དང་། 12 རང་གི་ཞབས་ཕྱི་གེ་ཧ་ཟི་ལ། ཤུ་ནེམ་གྱི་བུད་མེད་འདི་རུ་བོས་ཤིག་གསུངས་པར། དེས་ཁོ་མོ་བོས་འོངས་པ་དང་ཁོང་གི་དྲུང་དུ་ལངས་ནས་བསྡད། 13 ཡང་ཁོང་གིས་རང་གི་ཞབས་ཕྱི་ལ། ཁྱོད་ཀྱིས་ཁོ་མོ་ལ། ལྟོས་དང་། ཁྱོད་ཀྱིས་ངེད་ཅག་ལ་ཕན་ཆེན་པོ་བཏགས་པས། བདག་གིས་ཁྱོད་ལ་ཅི་ཞིག་བྱེད་དགོས་སམ། ཁྱོད་ལ་བདག་གིས་ཁྱོད་ཀྱི་ཚབ་ཏུ་རྒྱལ་པོའམ་དམག་དཔོན་ལ་ཞུ་དགོས་པའི་དོན་ཡོད་དམ་ཞེས་དྲིས་ཤིག་བསྒོས་པ་དང་། ཁོ་མོ་ན་རེ། བདག་ནི་རང་གི་མི་རྣམས་ཀྱི་ཁྲོད་དུ་སྡོད་པ་ཡིན་ཞེས་ཞུས་སོ། ། 14 དེ་ནས་ཡང་ཁོང་གིས་དེས་ན་བདག་གིས་ཁོ་མོའི་དོན་དུ་ཅི་བྱའམ་ཞེས་གསུངས་པ་ན། གེ་ཧ་ཟིས་ལན་དུ། ཁོ་མོར་བུ་མེད་པ་ནི་དོན་དངོས་ཡིན་པ་དང་ཁྱོ་ག་ཡང་རྒས་ནས་འདུག་ཅེས་ཞུས་པར། 15 ཨེ་ལི་ཤཱས་ཁོ་མོ་བོས་ཤིག་བསྒོས་པས་དེས་ཁོ་མོ་བོས་ཤིང་། ཁོ་མོ་སྒོ་འགྲམ་དུ་ལངས་ནས་བསྡད་པ་ལ། 16 ཨེ་ལི་ཤཱས་དེ་ལ། སང་ལོའི་ད་ཚོད་ཁྱོད་ཀྱི་པང་དུ་བུ་ཞིག་འཁྱུད་པར་འགྱུར་རོ་ཞེས་གསུངས་པ་ན། ཁོ་མོས། ཀྱེ་དཀོན་མཆོག་གི་སྐྱེས་བུ། ཁྱེད་ཀྱིས་ཉིད་ཀྱི་ཞལ་ཏ་མ་བསླུ་བར་མ་མཛད་ཅིག་ཅེས་ཞུས་སོ། ། 17 དེ་ནས་ཨེ་ལི་ཤཱས་ཁོ་མོར་ཅི་གསུངས་པ་བཞིན་དུ། བུད་མེད་དེ་མངལ་དང་ལྡན་པར་གྱུར་ཏེ་ཕྱི་ལོའི་དུས་དེར་བུ་ཞིག་བཙས་སོ། །

ཨེ་ལི་ཤཱ་ཡིས་ཤུ་ནེམ་གྱི་བུད་མེད་ཀྱི་བུའི་ཚེ་སྲོག་བསྐྱབས་པ།
18 དེ་ཡང་ཕྲུ་གུ་དེ་ནར་སོན་པ་དང་། ཉིན་ཞིག་ལ་རང་གི་ཕ་དང་ཞིང་རྔ་མཁན་རྣམས་ཀྱི་གམ་དུ་སོང་སྟེ། 19 ཁོས་རང་གི་ཕ་ལ། ངའི་མགོ་བོ། ངའི་མགོ་བོ་ཞེས་སྨྲས་པ་ན། ཁོའི་ཕ་ཡིས་ཞབས་ཕྱི་ཞིག་ལ་ཕྲུ་གུ་འདི་རང་གི་མ་ཡི་གམ་དུ་ཁྱེར་ཞིག་བསྒོས་པས། 20 ཞབས་ཕྱི་པས་ཕྲུ་གུ་ཁྱེར་ཏེ་མ་ཡི་གམ་དུ་བསྐྱལ་ཞིང་ཉིན་གུང་བར་དུ་མ་ཡི་པང་དུ་བསྡད་པ་དང་། དེ་ནས་ཕྲུ་གུ་ཚེ་ལས་འདས། 21 ཁོ་མོ་ཡར་སོང་ནས་བུ་དེ་དཀོན་མཆོག་གི་སྐྱེས་བུའི་མལ་ཁྲི་སྟེང་དུ་བཞག་པ་དང་སྒོ་གཏན་ནས་ཕྱིར་ཐོན་ཏེ། 22 རང་གི་ཁྱོ་ག་བོས་ཏེ་ན་རེ། ཁྱེད་ཀྱིས་ཞབས་ཕྱི་ཞིག་དང་བོང་བུ་ཞིག་ང་ལ་གཏོང་རོགས། ང་རང་དཀོན་མཆོག་གི་སྐྱེས་བུའི་དྲུང་དུ་མགྱོགས་པོར་སོང་ནས་ཕྱིར་ལོག་འོང་ཞེས་སྨྲས་པ་ལ། 23 ཁོ་ན་རེ། དེ་རིང་ཚེས་གཅིག་གམ་ངལ་གསོ་བའི་ཉིན་མོ་མིན་པས། *ཉིན་དེ་གཉིས་ནི་ལུང་སྟོན་པའི་མདུན་དུ་ལུང་བསྟན་ཞུ་བར་འགྲོ་བའི་རྒྱུན་ལྡན་གྱི་ཉིན་མོ་ཡིན། ཁྱོད་ཅིའི་ཕྱིར་དེ་རིང་ཁོང་གི་དྲུང་དུ་འགྲོ་འདོད་ཅེས་པ་ན། ཁོ་མོས། ཐམས་ཅད་བདེ་བར་འགྱུར་ཞེས་སྨྲས་སོ། ། 24 དེ་ནས་ཁོ་མོས་བོང་བུ་ལ་སྒ་བསྟད་དེ་ཞབས་ཕྱི་དེར། བོང་བུ་དེད་ནས་སོང་ཞིག ངས་ཁྱོད་ལ་བསྒོ་བའི་བར་དུ་ངའི་དོན་དུ་དལ་ལྷོད་མ་གཏོང་ཞིག་ཅེས་བསྒོས་སོ། ། 25 དེ་ནས་མོ་ལམ་དུ་ཆས་ཏེ། ཀར་མེལ་རི་བོར་དཀོན་མཆོག་གི་སྐྱེས་བུའི་དྲུང་དུ་ཕྱིན་པ་ལ། དཀོན་མཆོག་གི་སྐྱེས་བུ་ཡིས་རྒྱང་རིང་ནས་ཁོ་མོ་མཐོང་སྟེ་ཞབས་ཕྱི་གེ་ཧ་ཟི་ལ། ལྟོས་དང་། ཕར་ཀ་ན་ཤུ་ནེམ་གྱི་བུད་མེད་དེ་འདུག 26 ད་ལྟ་ཉིད་དུ་བསུ་རུ་རྒྱུགས་ནས་ཁོ་མོ་ལ། ཁྱོད་རང་བདེའམ། ཁྱོད་ཀྱི་ཁྱོ་ག་ཡང་བདེའམ། བུ་ཡང་བདེའམ་ཞེས་དྲིས་ཤོག་གསུངས་པར། ཁོ་མོས་ཐམས་ཅད་བདེ་བར་འདུག་ཅེས་སྨྲས་སོ། ། 27 དེ་ནས་ཁོ་མོ་དཀོན་མཆོག་གི་སྐྱེས་བུའི་དྲུང་དུ་རི་ལ་ཕྱིན་པ་དང་། ཁོང་གི་ཞབས་ལ་འཇུས། གེ་ཧ་ཟི་ཚུར་ཡོང་ནས་ཁོ་མོ་ཕར་ཕུད་རྒྱག་བྱེད་རྩིས་བྱས་མོད། འོན་ཀྱང་དཀོན་མཆོག་གི་སྐྱེས་བུས་དེ་ལ། བསྐྱུར་ཞོག ཁོ་མོའི་སེམས་ལ་སྡུག་བསྔལ་ཤིན་ཏུ་ཆེ། དཀོན་མཆོག་ཡ་ཝཱེས་དེ་གསང་ནས་ང་ལ་གསུང་མེད་ཅེས་གསུངས་པ་ན། 28 ཁོ་མོ་ན་རེ། ངས་རང་གི་བདག་པོ་ལ་བུ་ཡི་ཕྱིར་དུ་ཞུ་བ་ཞུས་མྱོང་ངམ། ཡང་ང་རང་བསླུ་བར་མ་མཛད་ཅེས་ངས་ཞུས་པ་མ་ཡིན་ནམ་ཞེས་ཞུས་ཤིང་། 29 དཀོན་མཆོག་གི་སྐྱེས་བུ་ཡིས་གེ་ཧ་ཟི་ལ། སྐ་རགས་སྡོམས་ལ་ སྐབས་དེར་མི་རྣམས་ཀྱིས་ལྭ་བ་རིང་པོ་གྱོན་པ་ཡིན། བྱ་བ་སྒྲུབ་སྐབས་སམ་མྱུར་དུ་སྐྱོད་པའི་དུས་སུ། ལྭ་བ་སྐ་རགས་ཀྱིས་ལུས་སུ་དམ་པོར་དཀྲི་ངེས་ཡིན། ངའི་འཁར་རྒྱུག་ལག་ཏུ་ཐོགས་ནས་སོང་ཞིག མི་སུ་ཞིག་དང་ཕྲད་ནའང་དེར་གུས་ཕྱག་མ་བྱེད། གཞན་གྱིས་ཁྱོད་ལ་གུས་ཚིག་བརྗོད་ནའང་དེ་ལ་ལན་མ་འདེབས། ཕྲུ་གུའི་གདོང་ལ་ངའི་འཁར་རྒྱུག་འདི་ཞོག་ཅིག་ཅེས་བསྒོས་སོ། ། 30 ཕྲུ་གུའི་མ་ཡིས། ངས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དང་ཁྱེད་ཀྱི་ཚེ་སྲོག་གཉིས་ཀ་དཔང་དུ་བཙུགས་ནས་མནའ་བསྐྱལ་ཏེ། ང་རང་ཅི་ནས་ཀྱང་ཁྱེད་དང་འབྲལ་བར་མི་བྱ་ཞེས་ཞུས་པས། དཀོན་མཆོག་གི་སྐྱེས་བུ་ཡར་བཞེངས་ནས་ཁོ་མོའི་རྗེས་སུ་བསྙེགས། 31 གེ་ཧ་ཟི་ནི་སྔོན་དུ་སོང་ནས་ཕྲུ་གུའི་གདོང་ལ་འཁར་རྒྱུག་བཞག་ནའང་། གྲགས་འགུལ་དང་ཚོར་སྣང་ཅི་ཡང་མ་བྱུང་བས། ཁོ་རང་ཕྱིར་ཡོང་སྟེ་ཨེ་ལི་ཤཱའི་གདོང་བསུས་ནས་ཁོང་ལ། ཕྲུ་གུ་ད་དུང་གཉིད་ནས་མ་སད་ཅེས་ཞུས་སོ། །

32 དེ་ནས་ཨེ་ལི་ཤཱ་ཁོང་ཉིད་ཤུ་ནེམ་གྱི་བུད་མེད་དེའི་ཁྱིམ་དུ་ཕེབས་པའི་ཚེ། ཀྱེ་མ། ཕྲུ་གུ་ནི་ཤི་ཟིན་ཏེ་ཁོའི་མལ་ཁྲི་སྟེང་བཞག་ཡོད་པ་རེད། 33 ཁོང་ཉིད་ནང་དུ་སོང་ནས་སྒོ་བརྒྱབ་པ་དང་། ཁོང་དང་ཕྲུ་གུ་གཉིས་འབའ་ཞིག་ནང་དུ་ཡོད་པ་སྟེ། དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་ཅིང་། 34 ཡང་ཁོང་མལ་ཁྲི་སྟེང་དུ་ཕྱིན་ཏེ་ཕྲུ་གུ་ལ་འཁྲིལ་ནས་དེའི་ཁ་ལ་རང་གི་ཁ་དང་། དེའི་མིག་ལ་རང་གི་མིག་དང་། དེའི་ལག་པར་རང་གི་ལག་པ་གླན་ཏེ། ཕྲུ་གུའི་སྟེང་དུ་བཀབ་པ་ན་ཕྲུ་གུའི་ལུས་ལ་དྲོད་རྒྱས་སོ། ། 35 དེ་ནས་ཁོང་ཕྱིར་ལོག་ནས་ཁྱིམ་དུ་ཕར་འགྲོ་ཚུར་འགྲོ་ཐེངས་གཅིག་བྱས་པ་དང་། སླར་ཡང་མལ་ཁྲིའི་སྟེང་ཡར་འགོས་ནས་ཕྲུ་གུའི་སྟེང་དུ་བཀབ་པ་དང་། ཕྲུ་གུ་དེས་ལན་བདུན་ལ་ཧབ་སྦྲིད་བརྒྱབ་ནས་མིག་ཕྱེས་སོ། ། 36 དཀོན་མཆོག་གི་སྐྱེས་བུས་གེ་ཧ་ཟི་བོས་ནས་དེ་ལ། ཤུ་ནེམ་གྱི་བུད་མེད་འདིར་བོས་ཤིག་བསྒོས་པས། དེས་ཁོ་མོ་བོས་པ་དང་ཁོ་མོ་ཁོང་གི་དྲུང་དུ་འོངས་པ་ན། ཁོང་ན་རེ། ཁྱོད་ཀྱི་བུ་ཡར་ལོངས་ཤིག་ཅེས་གསུངས་ཤིང་། 37 ཁོ་མོ་འོངས་ནས་ཁོང་གི་ཞབས་དྲུང་དུ་ལུས་སར་བཏུད་ནས་ཕྱག་བཙལ་རྗེས། རང་གི་བུ་པང་དུ་བླངས་ནས་ཕྱི་རོལ་ཏུ་སོང་ངོ་། །

གྲུབ་རྟགས་གཉིས་བསྟན་པ།
38 དེ་ནས་ཨེ་ལི་ཤཱ་སླར་ཡང་གིལ་གལ་དུ་སླེབས་པའི་ཚེ། ཡུལ་དེར་མུ་གེ་བྱུང་ཞིང་། ལུང་སྟོན་པའི་སློབ་བུ་རྣམས་ཁོང་གི་མདུན་དུ་བསྡད་ཡོད། ཁོང་གིས་ཉིད་ཀྱི་ཞབས་ཕྱི་ལ་སླ་ང་ཆེན་པོ་མེ་ལ་བསྐྱོན་ནས་ལུང་སྟོན་པའི་སློབ་བུ་རྣམས་ལ་ཁ་ཟས་གཡོས་ཤིག་ཅེས་གསུངས། 39 མི་ཞིག་སྔོ་ཚོད་བཏོག་པའི་ཕྱིར་ས་ཞིང་དུ་སོང་བ་དང་། ཁོས་རི་སྐྱེས་འཁྲི་ཤིང་ཞིག་རྙེད་ནས་དེའི་སྟེང་གི་ཀ་བེད་བཏོགས་ཏེ་གོས་ཀྱི་ཐུ་བའི་ཁུད་དུ་བལྟབས་ནས་ཁུར་འོངས་པ་དང་། དེ་དག་གིས་ཅི་ཡིན་མ་ཤེས་ཀྱང་དེ་གཏུབས་ནས་ཟས་གདུ་བྱེད་ཀྱི་སླ་ངའི་ནང་དུ་བཏབ་ཅིང་། 40 ཕྱིས་སུ་མི་རྣམས་ལ་བླུགས་ཏེ་འཐུང་དུ་བཅུག དེ་དག་གིས་དེ་འཐུང་བཞིན་པའི་སྐབས་སུ། ཚང་མས་ཀྱེ་དཀོན་མཆོག་གི་སྐྱེས་བུ་ལགས། སླ་ངའི་ནང་དུ་འཆི་བར་བྱེད་པའི་དུག་རྫས་འདུག་ཅེས་སྐད་ངན་ཤོར་བས་ཁོ་ཚོས་འཐུང་མ་ཐུབ་བོ། ། 41 ཁོང་གིས་ཕྱེ་ཁྱེར་ཤོག་ཅེས་གསུངས་ནས་དེ་སླ་ངའི་ནང་བཏབ་པ་དང་། མི་རྣམས་ལ་བླུད་ཅིག་ཅེས་གསུངས་ཤིང་སླ་ངའི་ནང་དུ་དུག་མེད་པ་ཡིན་ནོ། །

42 དེ་ཡང་པཱ་ཨལ་ཤཱ་ལི་ཤཱ་ཡུལ་ནས་འོངས་པའི་མི་ཞིག་གིས་དཀོན་མཆོག་གི་སྐྱེས་བུ་ལ་ཐོག་མར་སྨིན་པའི་ནས་ཀྱི་བག་ལེབ་ཉི་ཤུ་དང་། ཁུག་མའི་ནང་དུ་སྙེ་མ་གསར་པ་བཅུག་ནས་ཁྱེར་འོངས་པ་ལ། ཨེ་ལི་ཤཱས་མི་དེ་རྣམས་ལ་སྤྲད་ནས་ཟ་རུ་ཆུག་ཅེས་གསུངས་ཤིང་། 43 ཁོང་གི་ཞབས་ཕྱི་ཡིས། ངས་ཁ་ཟས་འདི་ཙམ་མི་བརྒྱའི་མདུན་དུ་ཅི་ལྟར་འཇོག་གམ་ཞུས་པའི་ལན་དུ་དཀོན་མཆོག་གི་སྐྱེས་བུ་ཡིས། མི་རྣམས་ལ་ཟ་རུ་ཆུག རྒྱུ་མཚན་ནི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་དག་གིས་ཟོས་ནས་ལྷག་མ་ཡང་ཡོད་པར་འགྱུར་གསུངས་སོ་ཞེས་སྨྲས་པ་ལ། 44 ཞབས་ཕྱིས་མི་རྣམས་ཀྱི་མདུན་དུ་བཞག་པ་དང་དེ་རྣམས་ཀྱིས་ཟོས་པས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་ལྷག་མ་ཡང་ཡོད་པར་གྱུར་ཏོ། །

<- རྒྱལ་རབས་གཉིས་པ། 3རྒྱལ་རབས་གཉིས་པ། 5 ->
  • རྒྱལ་རབས་གཉིས་པ།
  • *ལེའུ་བཞི་པ།:23