Link to home pageLanguagesLink to all Bible versions on this site
ལེའུ་ལྔ་པ།
དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་མཆོད་ཁང་ནང་དུ་གདན་དྲངས་པ།
1 སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ལས་ཀ་ཡོད་ཚད་བསྒྲུབས་ཚར་རྗེས། ཡབ་དཱ་བིད་ཀྱིས་དམ་པར་བྱས་པའི་གསེར་དངུལ་དང་ཡོ་བྱད་ཐམས་ཅད་དྲངས་ནས་དཀོན་མཆོག་གི་མཆོད་ཁང་གི་དཀོར་མཛོད་དུ་བཞག 2 དེ་ནས་སོ་ལོ་མོན་གྱིས་དཱ་བིད་ཀྱི་གྲོང་ཁྱེར་ཏེ་ཛ་ཡན་ནས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ཡར་གདན་འདྲེན་པའི་ཕྱིར་དུ། ཡེས་ར་ཨེལ་གྱི་རྒན་པོ་དང་ཚོ་པ་སོ་སོའི་འགོ་དཔོན། ཁྱིམ་རྒྱུད་སོ་སོའི་འགོ་དཔོན་བཅས་ཡེ་རུ་སཱ་ལེམ་དུ་བསྡུས་པ་དང་། 3 ཟླ་བདུན་པའི་དུས་ཆེན་ལ་ཡེས་ར་ཨེལ་གྱི་མི་ཐམས་ཅད་རྒྱལ་པོའི་དྲུང་དུ་འདུས་སོ། ། 4 ཡེས་ར་ཨེལ་གྱི་རྒན་པོ་རྣམས་སླེབས་པ་ཙམ་གྱིས། ལེ་ཝི་པ་དག་གིས་ཞལ་ཆད་ཀྱི་ཤུར་སྒམ་ཁུར་ཏེ། 5 མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དང་། མཇལ་འཕྲད་གུར་མཆོག་དང་དེའི་ནང་དུ་ཡོད་པའི་ཡོ་བྱད་དམ་པ་ཐམས་ཅད་ཡར་གདན་དྲངས་པ་རེད། 6 རྒྱལ་པོ་སོ་ལོ་མོན་དང་དེར་འཛོམས་པའི་ཡེས་ར་ཨེལ་གྱི་མི་ཚོགས་ཀྱིས་ཞལ་ཆད་ཀྱི་ཤུར་སྒམ་མདུན་དུ་ལུག་དང་བ་གླང་གི་མཆོད་པ་བགྲང་གིས་མི་ལང་བ་ཕུལ་ཏོ། ། 7 ཡང་མཆོད་དཔོན་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ནི་མཆོད་ཁང་སྦུག་མ་སྟེ་གནས་དམ་མཆོག་གི་ནང་དུ། ཀེ་རུབ་གཉིས་ཀྱི་གཤོག་པའི་འོག་ཏུ་ཞལ་ཆད་ཀྱི་ཤུར་སྒམ་འཇོག་སའི་གནས་སུ་བཞག 8 ཀེ་རུབ་ཀྱིས་ཞལ་ཆད་ཀྱི་ཤུར་སྒམ་སྟེང་དུ་གཤོག་པ་བརྐྱངས་ནས། ཞལ་ཆད་ཀྱི་ཤུར་སྒམ་དང་དེ་འཁུར་བྱེད་ཀྱི་རྒྱུག་ཤིང་གཡོགས་པའོ། ། 9 རྒྱུག་ཤིང་དེ་གཉིས་ནི་ཤིན་ཏུ་རིང་བས། མཆོད་ཁང་སྦུག་མའི་མདུན་ནས་དེ་དག་གི་སྣེ་མོ་མཐོང་ཐུབ་པ་དང་། མཆོད་ཁང་ཕྱི་རོལ་ནས་མཐོང་མི་ཐུབ་ཅིང་། རྒྱུག་ཤིང་དེ་གཉིས་ནི་ད་ལྟའི་བར་དུ་དེར་ཡོད་པ་ཡིན། 10 ཞལ་ཆད་ཀྱི་ཤུར་སྒམ་ནང་དུ་རྡོ་ལེབ་གཉིས་ལས་གཞན་ཅི་ཡང་མེད་དེ། རྡོ་ལེབ་དེ་གཉིས་ནི་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་རྗེས་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ལ་ཞལ་ཆད་མཛད་པའི་དུས་སུ། མོ་ཤེ་ཡིས་རི་བོ་ཧོ་རེབ་ཏུ་དེའི་ནང་ལ་བཞག་པ་ཡིན་ནོ། །

11 དེར་ཡོད་པའི་མཆོད་དཔོན་རྣམས་ཀྱིས་ཁོ་ཚོའི་ལས་རེས་གང་ཡིན་ཡང་རང་ཉིད་དམ་པར་བྱས་ཤིང་། 12 མགུར་ལེན་མཁན་ལེ་ཝི་པ་ཐམས་ཅད་དེ་ཨ་སབ་དང་། ཧེ་མཱན་དང་། ཡེ་དུ་ཐུན་བཅས་དང་། དེ་དག་གི་བུ་དང་ཉེ་འབྲེལ་རྣམས་ཀྱིས་སོ་རས་སྲབ་བུའི་གོས་གྱོན་ནས། མཆོད་ཁྲིའི་ཤར་ཕྱོགས་སུ་ལངས་ཏེ་སྦུག་ཆལ་དང་། རྒྱུད་མངས་དང་། པི་ཝང་བཅས་བརྡུངས་ཤིང་། དེ་དག་དང་མཉམ་དུ་དུང་འབུད་པའི་མཆོད་དཔོན་ད་དུང་བརྒྱ་དང་ཉི་ཤུ་ཡོད། 13 དུང་འབུད་མཁན་དང་མགུར་ལེན་མཁན་རྣམས་ཀྱིས་མཉམ་དུ་སྐད་གཅིག་གིས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་ཅིང་ཁོང་ལ་གཏང་རག་ཕུལ། ཁོ་རྣམས་ཀྱིས་དུང་དང་། སྦུག་ཆལ་དང་། རོལ་ཆས་སྣ་ཚོགས་ཀྱི་སྐད་ཆེན་པོས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་ཕུལ་ཏེ། དཀོན་མཆོག་ཡ་ཝཱེ་ནི་བཟང་པོ་ཡིན། ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས་ཞེས་བརྗོད་དོ། །དེ་ནས་མཆོད་དཔོན་རྣམས་གནས་དམ་པ་ལས་ཕྱི་རུ་ཐོན་དུས་སུ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ནང་དུ་སྤྲིན་ཕུང་ཞིག་གིས་ཁེངས་པར་གྱུར། 14 ཡང་སྤྲིན་ཕུང་དེའི་རྐྱེན་གྱིས་མཆོད་དཔོན་རྣམས་ཡར་ལངས་ནས་ཞབས་ཕྱི་བྱེད་མ་ཕོད་དེ། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་ཀྱིས་དཀོན་མཆོག་གི་མཆོད་ཁང་དེར་གང་བས་སོ། །

<- སྔོན་རབས་གཉིས་པ། 4སྔོན་རབས་གཉིས་པ། 6 ->
  • སྔོན་རབས་གཉིས་པ།