ལེའུ་སོ་དྲུག་པ།
ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཨ་ཧཱ་ཟི།
1 དེ་ནས་ཡ་ཧུ་དཱའི་ཡུལ་མི་རྣམས་ཀྱིས་ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཨ་ཧཱ་ཟི་ཁོའི་ཡབ་ཀྱི་ཚབ་ཏུ་ཡེ་རུ་སཱ་ལེམ་ནས་རྒྱལ་པོར་བསྐོས། 2 ཡེ་ཧོ་ཨ་ཧཱ་ཟི་རྒྱལ་པོར་བཞུགས་དུས་སུ་དགུང་ལོ་ཉེར་གསུམ་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ཟླ་གསུམ་གྱི་རིང་ལ་རྒྱལ་སྲིད་བསྐྱངས། 3 དེ་ནས་ཨེ་ཅིབ་ཀྱི་རྒྱལ་པོ་ཡེ་རུ་སཱ་ལེམ་དུ་འོངས་ནས་ཁོང་ཁྲི་ལས་ཕབ་སྟེ། ཡུལ་དེར་དངུལ་གྱི་རྡོ་ཚད་བརྒྱ་དང་། གསེར་གྱི་རྡོ་ཚད་གཅིག་གི་དཔྱ་ཁྲལ་བཀལ། 4 ཡང་ཨེ་ཅིབ་ཀྱི་རྒྱལ་པོ་ནེ་ཀོ་བྱ་བས་ཡེ་ཧོ་ཨ་ཧཱ་ཟིའི་གཅེན་པོ་ཨེལ་ཡ་ཀིམ་ཞེས་པ་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་རྒྱལ་པོར་བསྐོས་ནས། དེའི་མིང་བརྗེས་ནས་ཡེ་ཧོ་ཡཱ་ཀིམ་ཞེས་བཏགས། ནེ་ཀོས་ཡེ་ཧོ་ཡཱ་ཀིམ་གྱི་གཅེན་པོ་ཡེ་ཧོ་ཨ་ཧཱ་ཟི་བཟུང་ནས་ཨེ་ཅིབ་ཏུ་ཁྲིད་དོ། །
ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ།
5 ཡེ་ཧོ་ཡཱ་ཀིམ་རྒྱལ་པོར་སྡོད་དུས་སུ་ལོ་ཉེར་ལྔ་ཡིན་པ་དང་། ཁོས་ཡེ་རུ་སཱ་ལེམ་དུ་ལོ་བཅུ་གཅིག་གི་རིང་ལ་རྒྱལ་སྲིད་བསྐྱངས། ཁོས་རང་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་ཅིང་། 6 པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ཡར་འོངས་ནས་དེ་ལ་དམག་དྲངས་ཤིང་། ཁོ་རང་ལྕགས་སྒྲོག་བརྒྱབས་ནས་པཱ་པེལ་ལོན་དུ་ཁྲིད། 7 ནེ་བོ་ཀད་ནེ་ཙར་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་གི་སྣོད་ཆས་འགའ་ཞིག་པཱ་པེལ་ལོན་དུ་ཁྱེར་ནས་རང་གི་ལྷ་ཁང་*འདིར་རང་གི་ལྷ་ཁང་ཞེས་པར་རང་གི་ཕོ་བྲང་ཞེས་བསྒྱུར་ཡང་རུང་བ་ཡིན།དུ་བཞག 8 ཡང་ཡེ་ཧོ་ཡཱ་ཀིམ་གྱི་བྱས་རྗེས་གཞན་དག་དང་། ཞེན་ལོག་གི་སྤྱོད་པ་རྣམས་དང་ཁོའི་གསང་བ་རྣམས་ནི་ཐམས་ཅད་ཡེས་ར་ཨེལ་དང་ཡ་ཧུ་དཱའི་རྒྱལ་རབས་ཀྱི་ནང་དུ་བཀོད་ཡོད། ཁོའི་སྲས་ཡེ་ཧོ་ཡཱ་ཀིན་ཁོའི་ཚབ་ཏུ་རྒྱལ་པོར་གྱུར།
ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིན།
9 ཡེ་ཧོ་ཡཱ་ཀིན་རྒྱལ་པོར་སྡོད་དུས་སུ་ལོ་བརྒྱད་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ཟླ་གསུམ་དང་ཞག་བཅུའི་རིང་ལ་རྒྱལ་སྲིད་བསྐྱངས། ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད། 10 དཔྱིད་ཀའི་དུས་སུ། རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་མི་མངགས་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་གི་ཡོ་བྱད་རྩ་ཆེན་རྣམས་དང་བཅས་སུ་ཁོ་རང་པཱ་པེལ་ལོན་དུ་ཁྲིད་དེ། དེའི་ཁུ་བོ་ †འདིར་ཁུ་བོ་ཞེས་པར་ཕྱི་མོའི་མ་ཡིག་ལས་སྤུན་མཆེད་ཅེས་མཐོང་སྟེ། ཉེ་འབྲེལ་གྱི་དོན་ལ་འཇུག ཚིད་ཀི་ཡཱ་ནི་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་རྒྱལ་པོར་བསྐོས།
ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱ།
11 ཚིད་ཀི་ཡཱ་རྒྱལ་པོར་སྡོད་དུས་སུ་ལོ་ཉེར་གཅིག་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ལོ་བཅུ་གཅིག་གི་རིང་ལ་རྒྱལ་སྲིད་བསྐྱངས། 12 དེས་ཡ་ཝཱེ་རང་གི་དཀོན་མཆོག་གི་སྤྱན་སྔར་ངན་པ་གང་ཡིན་སྤྱད་དེ། ལུང་སྟོན་པ་ཡེ་རེམ་ཡཱ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་བརྟེན་ནས་ཁོ་ལ་ཉེན་བརྡ་བཏང་ཡང་ཁོས་ཁེངས་སྐྱུང་མ་བྱས་ལ། 13 རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་དེ་སྔར་ཁོ་ལ་དཀོན་མཆོག་དཔང་དུ་བཙུགས་ནས་མནའ་སྐྱེལ་དུ་བཅུག་ཀྱང་། ཁོས་དེ་ལའང་ངོ་ལོག་བྱས། ཁོ་ནི་ཨུ་ཚུགས་ཆེ་ཞིང་གཤིས་གྱོང་ཡིན་ཏེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་མ་འཁོར་ཏོ། ། 14 དེ་མིན་མཆོད་དཔོན་ཆེན་པོ་རྣམས་དང་མི་ཐམས་ཅད་ཀྱང་སྔར་ལས་ལྷག་པར་དཀོན་མཆོག་དང་འགལ་ནས། ཕྱི་རོལ་པའི་ཞེན་ལོག་གི་བྱ་བ་ཐམས་ཅད་ཀྱི་རྗེས་སུ་འབྲངས་ནས་སྡིག་པ་ཚབས་ཆེན་བྱས་ཏེ། ཡེ་རུ་སཱ་ལེམ་དུ་དམ་པར་མཛད་པའི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དེ་མི་གཙང་བར་བྱས། 15 ཁོ་ཚོའི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་འབངས་མི་དང་བཞུགས་གནས་ལ་ཐུགས་བརྩེ་བར་དགོངས་པས། རྟག་ཏུ་ཉིད་ཀྱི་ལུང་སྟོན་པ་རྣམས་དེ་དག་གི་རྩར་མངགས་ནས་ཉེན་བརྡ་བཏང་མོད། 16 འོན་ཀྱང་དེ་དག་གིས་དཀོན་མཆོག་གི་ལུང་སྟོན་པ་རྣམས་ལ་འཕྱས་ཏེ་ཁོང་གི་བཀའ་སྣང་མེད་དུ་བཞག་ཅིང་། ཁོང་གི་ལུང་སྟོན་པ་དག་ལ་སྨད་པས། དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ཁོང་གི་འབངས་མིའི་སྟེང་དུ་བབས་ནས་མཐར་སྐྱོབ་ཐབས་བྲལ་བའི་གནས་སུ་ལྷུང་། 17 དཀོན་མཆོག་ཡ་ཝཱེས་ཀལ་དི་པའི་རྒྱལ་པོ་ཡར་འོངས་ནས་དེ་དག་ལ་རྒོལ་བར་མཛད་པ་དང་། རྒྱལ་པོས་ཀྱང་ཁོ་ཚོའི་གནས་མཆོག་ཏུ་དར་མ་རྣམས་རལ་གྲིས་བསད་དེ། ཕོ་མོ་ན་གཞོན་དང་རྒན་པ་རྣམས་ལ་ཡང་སྙིང་རྗེ་མ་བྱས་པར་། ཁོང་གིས་ཐམས་ཅད་དེའི་ལག་ཏུ་གཏད་པ་ཡིན། 18 དེས་དཀོན་མཆོག་གི་མཆོད་ཁང་དུ་ཡོད་པའི་ཡོ་བྱད་ཆེ་ཆུང་གང་ཡིན་ཐམས་ཅད་དང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ནོར་བུ་རྣམས་དང་། རྒྱལ་པོ་དང་དེའི་སྐུ་དྲག་རྣམས་ཀྱི་རྒྱུ་ནོར་ཐམས་ཅད་པཱ་པེལ་ལོན་དུ་ཁྱེར་ཏེ། 19 ཀལ་དི་པས་དཀོན་མཆོག་གི་མཆོད་ཁང་མེར་བསྲེགས་པ་དང་། ཡེ་རུ་སཱ་ལེམ་གྱི་མཁར་རྣམས་ཀྱང་བཤིགས་ཤིང་། གྲོང་ཁྱེར་ནང་དུ་ཡོད་པའི་ཕོ་བྲང་ཀུན་མེས་བསྲེགས་ནས། གྲོང་ཁྱེར་ནང་གི་སྣོད་ཆས་རྩ་ཆེན་ཐམས་ཅད་མེད་པར་བཟོས་པ་རེད། 20 གྲི་ལས་ཐར་བ་རྣམས་བཟུང་སྟེ་ཀལ་དིའི་རྒྱལ་པོས་པཱ་པེལ་ལོན་དུ་བཙན་ཁྲིད་བྱས་ནས། ཏ་ཟིག་གི་རྒྱལ་སྲིད་དར་རྒྱས་སུ་ཕྱིན་པའི་བར་དུ། དེ་དག་ནི་ཁོ་དང་ཁོའི་བུ་རྒྱུད་རྣམས་ཀྱི་བྲན་ཏུ་བཀོལ། 21 འདི་ནི་དཀོན་མཆོག་ཡ་ཝཱེས་ཡེ་རེམ་ཡཱ་བརྒྱུད་ནས་གསུངས་པ་དེ་བཞིན་དུ། ལོ་བདུན་ཅུ་རྫོགས་རིང་བར་དུ། ཡུལ་ཁམས་ལ་ངལ་གསོ་ཐོབ་པ་སྟེ། ས་རྒོད་དུ་ལུས་པའི་དུས་སུ་ཡུལ་ཁམས་ལ་ངལ་གསོ་ཐོབ་པ་ཡིན་ཞེས་གསུངས་པས་སོ། །
ཡ་ཧུ་དཱ་པ་རྣམས་ཕྱིར་རང་ཡུལ་དུ་ལོག་པ།
22 དེ་ནས་ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་ལོ་དང་པོར། དཀོན་མཆོག་ཡ་ཝཱེས་ཁོང་ཉིད་ཀྱི་བཀའ་སྟེ་ཡེ་རེམ་ཡཱའི་ངག་བརྒྱུད་ནས་གསུངས་པ་དེ་འགྲུབ་པར་མཛད་པའི་ཕྱིར། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ལ་ཡི་གེར་བཀོད་དེ་རང་གི་རྒྱལ་ཁམས་ཡོངས་ལ་ཁྱབ་བསྒྲགས་བྱེད་པར་སྐུལ་མ་གནང་ནས་འདི་ལྟར་བྲིས་པ་སྟེ། 23 ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་འདི་ལྟར། ནམ་མཁའི་དཀོན་མཆོག་ཡ་ཝཱེས་ས་གཞིའི་རྒྱལ་ཁམས་ཐམས་ཅད་བདག་ལ་གནང་བ་དང་། ཁོང་གིས་བདག་ཡ་ཧུ་དཱ་ཡུལ་གྱི་ཡེ་རུ་སཱ་ལེམ་དུ་ཁོང་གི་ཕྱིར་མཆོད་ཁང་ཞིག་བཞེང་བར་བསྐོས་པ་ཡིན། ཁྱོད་ཅག་གི་ཁྲོད་དུ་ཡོད་པའི་ཁོང་གི་མི་ཐམས་ཅད་ཡར་སོང་ཆོག་སྟེ། ཁོའི་དཀོན་མཆོག་ཡ་ཝཱེ་ནི་ཁོ་དང་མཉམ་དུ་བཞུགས་པར་ཤོག་ཅེས་གསུངས་པའོ།། །།
<- སྔོན་རབས་གཉིས་པ། 35
སྔོན་རབས་གཉིས་པ།
-
འདིར་རང་གི་ལྷ་ཁང་ཞེས་པར་རང་གི་ཕོ་བྲང་ཞེས་བསྒྱུར་ཡང་རུང་བ་ཡིན།
†ལེའུ་སོ་དྲུག་པ།:10 འདིར་ཁུ་བོ་ཞེས་པར་ཕྱི་མོའི་མ་ཡིག་ལས་སྤུན་མཆེད་ཅེས་མཐོང་སྟེ། ཉེ་འབྲེལ་གྱི་དོན་ལ་འཇུག