Link to home pageLanguagesLink to all Bible versions on this site
ལེའུ་ཉེར་གསུམ་པ།
ཨ་ཐལ་ཡཱ་ལས་རྒྱལ་སྲིད་བླངས་པ།
1 ལོ་བདུན་པར་ཡེ་ཧོ་ཡ་དཱས་བརྩོན་པ་ཆེར་བསྐྱེད་ནས་བརྒྱ་དཔོན་རྣམས་ཏེ་ཡེ་རོ་ཧམ་གྱི་བུ་ཨ་ཟར་ཡཱ་དང་། ཡེ་ཧོ་ཧ་ནན་གྱི་བུ་ཡེས་མ་ཨེལ་དང་། ཨོ་བེད་ཀྱི་བུ་ཨ་ཟར་ཡཱ་དང་། ཨ་དཱ་ཡའི་བུ་མ་ཨ་སེ་ཡཱ་དང་། ཟིག་རིའི་བུ་ཨེ་ལི་ཤ་ཕད་བཅས་བོས་འོངས་ནས་ཁོ་རྣམས་ལ་ཆད་དོན་བཞག་པ་དང་། 2 ཁོ་རྣམས་ཡ་ཧུ་དཱ་ཡུལ་ཡོངས་ལ་ཕྱིན་ནས། ཡ་ཧུ་དཱའི་གྲོང་ཁྱེར་སོ་སོ་ནས་ལེ་ཝི་པ་དང་། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱི་འགོ་དཔོན་རྣམས་བསྡུས་པ་དང་། དེ་དག་ཡེ་རུ་སཱ་ལེམ་དུ་འདུས་ནས། 3 མི་ཚོགས་ཀུན་གྱིས་དཀོན་མཆོག་གི་མཆོད་ཁང་ནས་རྒྱལ་པོ་དང་ཆད་དོན་བཞག་ཅིང་། དེར་ཡེ་ཧོ་ཡ་དཱས་འདི་ལྟར། ལྟོས་ཤིག དཀོན་མཆོག་ཡ་ཝཱེས་དཱ་བིད་ཀྱི་བུ་རྒྱུད་རྣམས་ལ་ཞལ་བཞེས་གནང་བ་བཞིན་དུ། རྒྱལ་པོའི་སྲས་ནི་རྒྱལ་པོར་སྡོད་དགོས་པས། 4 ཁྱོད་རྣམས་ཀྱིས་འདི་བཞིན་བྱེད་དགོས་ཏེ། ཁྱོད་རྣམས་ལས་ངལ་གསོ་བའི་ཉིན་མོར་འདིར་ལས་རེས་སུ་འོངས་པའི་མཆོད་དཔོན་དང་ལེ་ཝི་པའི་སུམ་ཆའི་གཅིག་གིས་སྒོ་སྲུངས་ཤིག 5 སུམ་ཆའི་གཅིག་ཕོ་བྲང་དུ་སྡོད་ཅིག ཡང་སུམ་ཆའི་གཅིག་དེ་རྨང་སྒོར་སྡོད་ཅིག མི་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ར་སྐོར་ནང་དུ་འདུ་བར་གྱིས། 6 མཆོད་དཔོན་དང་ཞབས་ཏོག་སྒྲུབ་པའི་ལེ་ཝི་པ་རྣམས་མ་གཏོགས་གཞན་སུ་ཡང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་འགྲོ་མི་རུང་། དེ་རྣམས་དམ་པ་ཡིན་པས་དེ་རྣམས་འབའ་ཞིག་ནང་དུ་འགྲོ་འོས། མི་ཀུན་གྱིས་དཀོན་མཆོག་ཡ་ཝཱེའི་བཀའ་བསྲུང་དགོས། 7 ཡང་ལེ་ཝི་པ་རྣམས་ཀྱིས་རང་རང་གི་མཚོན་ཆ་ལག་ཏུ་ཐོགས་ཏེ་ཕྱོགས་བཞི་ནས་རྒྱལ་པོ་བསྲུང་དགོས་ཏེ། གཞན་སུ་ཞིག་རང་དགར་མཆོད་ཁང་ནང་དུ་འོངས་ན་དེ་གསོད་དགོས། རྒྱལ་པོ་ཕྱི་ནང་གང་དུ་འགྲོ་སྐབས་སུ་ཁྱོད་ཅག་རྒྱལ་པོ་དང་མཉམ་དུ་སྡོད་དགོས་ཞེས་བསྒོས་པ་དང་། 8 ལེ་ཝི་པ་དང་ཡ་ཧུ་དཱ་པ་ཀུན་གྱིས་མཆོད་དཔོན་ཡེ་ཧོ་ཡ་དཱའི་གསུང་ལྟར་བསྒྲུབས་ཏེ། ཁོ་ཚོ་མི་རེ་རེས་ངལ་གསོ་བའི་ཉིན་མོར་ཞབས་ཏོག་སྒྲུབ་པ་དང་ཡང་ན་ངལ་གསོ་བའི་ཉིན་མོར་ལས་མཚམས་འཇོག་པའི་མི་ཁྲིད་ནས་སླེབས་པ་སྟེ། རྒྱུ་མཚན་ནི་ཡེ་ཧོ་ཡ་དཱས་སྡེ་ཚན་གང་ལའང་ལས་མཚམས་འཇོག་ཏུ་མ་བཅུག་པའི་ཕྱིར་རོ། ། 9 དེ་ནས་མཆོད་དཔོན་ཡེ་ཧོ་ཡ་དཱས་དཀོན་མཆོག་གི་མཆོད་ཁང་དུ་ཡོད་པའི་དཱ་བིད་ཀྱི་མདུང་དང་། ཕུབ་ཆེ་ཆུང་རྣམས་ཀྱང་བརྒྱ་དཔོན་རྣམས་ལ་སྤྲད་ཅིང་། 10 ཡང་མི་རྣམས་ལ་མཚོན་ཆ་འཛིན་དུ་བཅུག་ནས་རྒྱལ་པོའི་མཐའ་འཁོར་དུ། མཆོད་ཁང་གི་གཡས་ཕྱོགས་ནས་གཡོན་ཕྱོགས་ཀྱི་བར་དུ། མཆོད་ཁྲི་དང་མཆོད་ཁང་གི་ཕྱོགས་བཞི་རུ་བཞག་གོ ། 11 དེ་ནས་ཁོ་རྣམས་ཀྱིས་ཡོ་ཨ་སི་ཕྱི་རོལ་ཏུ་ཁྲིད་འོངས་ནས། ཁོང་གི་དབུ་ལ་ཅོད་པན་གསོལ། ཡང་ཁོང་ལ་བཀའ་ཁྲིམས་བཤུས་མ་ཞིག་ཕུལ་ནས་ཁོང་རྒྱལ་པོར་བསྐོས་ཤིང་། ཡེ་ཧོ་ཡ་དཱ་དང་དེའི་བུ་རྣམས་ཀྱིས་ཁོང་ལ་སྣུམ་གྱིས་བྱུགས་ནས། རྒྱལ་པོ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྐད་བསྒྲགས་སོ། ། 12 དེའི་ཚེ་ཨ་ཐལ་ཡཱ་ཡིས་མི་རྣམས་འུར་ནས་རྒྱུགས་པ་དང་རྒྱལ་པོར་བསྟོད་པའི་སྐད་སྒྲ་ཐོས་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་མི་རྣམས་ཀྱི་དྲུང་ལ་སླེབས་ནས། 13 མོས་བལྟས་པ་ལ། རྒྱལ་པོ་ནི་མཆོད་ཁང་སྒོ་མདུན་གྱི་ཀ་བའི་རྩར་བཞེངས་འདུག་པ་དང་། འགོ་དཔོན་རྣམས་དང་དུང་འབུད་མཁན་རྣམས་རྒྱལ་པོའི་མཐའ་འཁོར་དུ་ཡོད་པ་དང་། ཡུལ་མི་ཀུན་པོས་དགའ་མགུ་ཡི་རང་གིས་དུང་འབུད་པ་དང་། མགུར་ལེན་མཁན་རྣམས་ཀྱིས་རོལ་ཆས་སྣ་ཚོགས་ཐོགས་ཏེ་མི་རྣམས་ཀྱིས་བསྟོད་དབྱངས་འབུལ་བར་དབུ་མཛད་པ་མཐོང་ནས། མོས་གོས་ཧྲལ་ཏེ། ནང་དགྲ་ལངས། ནང་དགྲ་ལངས་ཞེས་བོས་པ་དང་། 14 མཆོད་དཔོན་ཡེ་ཧོ་ཡ་དཱ་ཡིས་དམག་ཚོགས་ཀྱི་བཀོད་འདོམས་པ་བརྒྱ་དཔོན་རྣམས་ལ་བཀའ་བཏང་ཞིང་། ཁོ་མོ་དམག་ཚོགས་ཀྱི་བར་ནས་ཕྱི་རོལ་ཏུ་ཁྲིད་ཅིག དེའི་རྗེས་སུ་འབྲང་མཁན་རྣམས་ཀྱང་རལ་གྲིས་སོད་ཅིག་ཅེས་བསྒོས་སོ། །ཅི་ལ་ཞེ་ན། མཆོད་དཔོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཁོ་མོ་གསོད་མི་རུང་ཞེས་བཀའ་བསྩལ་ཏོ། ། 15 དེ་ནས་མོ་རྒྱལ་པོའི་ཕོ་བྲང་གི་རྟ་སྒོ་རུ་སླེབས་པ་ཙམ་གྱིས་དམག་མི་རྣམས་ཀྱིས་མོ་བཟུང་ནས་དེར་བསད་དོ། །
ཡེ་ཧོ་ཡ་དཱའི་བཅོས་བསྒྱུར།
16 ཡང་ཡེ་ཧོ་ཡ་དཱས་མི་ཐམས་ཅད་དང་རྒྱལ་པོ་ལ་ཁོ་རྣམས་ནམ་ཡང་དཀོན་མཆོག་ཡ་ཝཱེའི་འབངས་མི་བྱེད་པའི་ཆད་དོན་བཞག 17 དེ་ནས་མི་ཐམས་ཅད་པཱ་ཨལ་གྱི་ལྷ་ཁང་དུ་སོང་ནས་དེ་བཤིགས་པ་དང་། དེའི་མཆོད་ཁྲི་རྣམས་དང་སྐུ་རྣམས་སིལ་བུར་བཅག་སྟེ། པཱ་ཨལ་གྱི་མཆོད་དཔོན་མད་ཐན་ཞེས་པ་མཆོད་ཁྲི་རྣམས་ཀྱི་མདུན་དུ་བསད། 18 ཡང་ཡེ་ཧོ་ཡ་དཱས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བསྲུང་བའི་ཁག་ནི་ལེ་ཝི་ཚོ་པའི་མཆོད་དཔོན་རྣམས་ཀྱི་ལག་ཏུ་གཏད་པ་སྟེ། དེ་དག་ནི་མོ་ཤེའི་བཀའ་ཁྲིམས་ལ་བྲིས་པ་ལྟར། དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་སྦྱིན་སྲེག་གི་མཆོད་པ་འབུལ་བའི་ཕྱིར་བསྐོས་པ་དང་། ཡང་དཱ་བིད་ཀྱིས་བསྒོས་པ་ལྟར་དགའ་ཞིང་མགུར་ལེན་པ་ཡིན་ནོ། ། 19 ཡང་ཁོང་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྒོ་རྣམས་བསྲུང་བར་སྒོ་སྲུང་རྣམས་བཞག་པ་སྟེ། མི་གཙང་པ་སུ་ཡིན་ཡང་ནང་དུ་འཛུལ་མི་ཆོག་གོ ། 20 དེ་ནས་ཁོང་གིས་བརྒྱ་དཔོན་དང་། སྐུ་དྲག་དང་། མི་རྣམས་ཀྱི་འགོ་དཔོན་དང་། ཡུལ་མི་མཐའ་དག་ཁྲིད་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ལས་རྒྱལ་པོ་བཏོན་ཏེ། སྒོ་གོང་མ་བརྒྱུད་ནས་ཕོ་བྲང་དུ་ཕྱིན་པ་དང་རྒྱལ་པོའི་ཁྲི་སར་བཀོད་དོ། ། 21 ཡུལ་ཁམས་ཀྱི་མི་རྣམས་དགའ་མགུར་ལོངས་སྤྱད་ཅིང་། ཨ་ཐལ་ཡཱ་རལ་གྲིས་བཀུམས་རྗེས་གྲོང་ཁྱེར་དེ་ལྷིངས་འཇགས་སུ་གྱུར་ཏོ། །

<- སྔོན་རབས་གཉིས་པ། 22སྔོན་རབས་གཉིས་པ། 24 ->
  • སྔོན་རབས་གཉིས་པ།