Link to home pageLanguagesLink to all Bible versions on this site
ལེའུ་ཉི་ཤུ་པ།
ཨེ་དོམ་དང་འཐབ་པ།
1 དེའི་རྗེས་སུ་མོ་ཨབ་པ་དང་ཨམ་མོན་པ་ནི། མེ་ཨུན་པ་རྣམས་དང་མཉམ་དུ་ཡེ་ཧོ་ཤ་ཕད་ལ་དམག་རྒྱག་ཏུ་འོངས་པ་དང་། 2 མི་ཞིག་འོངས་ནས་ཡེ་ཧོ་ཤ་ཕད་ལ་ན་རེ། རྒྱ་མཚོའི་ཕ་རོལ་ཏེ་ཨེ་དོམ་པའི་ཕྱོགས་ནས་དམག་ཚོགས་ཆེན་པོ་ཞིག་ཁྱེད་ལ་རྒོལ་དུ་འོང་གིན་འདུག གཟིགས་དང་། ད་ལྟ་དེ་རྣམས་ཧ་ཚོན་ཐལ་མཱར་ཏེ། ཨེན་གེ་དི་ལ་སླེབས་ཟིན་ཞེས་སྨྲས་པ་དང་། 3 ཡེ་ཧོ་ཤ་ཕད་འཇིགས་ཏེ། དཀོན་མཆོག་ཡ་ཝཱེ་འཚོལ་བར་སེམས་ཐག་བཅད་ནས། སྨྱུང་གནས་སྲུང་རྒྱུའི་དོན་ཡ་ཧུ་དཱ་ཡོངས་ལ་བསྒྲགས། 4 དེ་ནས་ཡ་ཧུ་དཱ་པ་ཐམས་ཅད་དཀོན་མཆོག་ཡ་ཝཱེ་ལ་སྐྱབས་ཞུ་བའི་ཆེད་དུ་འདུས་ཏེ། ཡ་ཧུ་དཱའི་གྲོང་ཁྱེར་སོ་སོ་ནས་དཀོན་མཆོག་ཡ་ཝཱེ་འཚོལ་དུ་འོངས་པ་རེད། 5 ཡེ་ཧོ་ཤ་ཕད་ཀྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ར་སྐོར་གསར་པའི་མདུན་དུ། ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་མི་ཚོགས་དཀྱིལ་དུ་ལངས་ནས་ན་རེ། 6 ཀྱེ་ངེད་ཅག་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ནི་ནམ་མཁའ་རུ་བཞུགས་པའི་དཀོན་མཆོག་མ་ཡིན་ནམ། ཁྱེད་ནི་མི་རིགས་སོ་སོ་དང་རྒྱལ་ཁམས་མཐའ་དག་གི་མངའ་བདག་མ་ཡིན་ནམ། ཁྱེད་ཀྱི་ཕྱག་ཏུ་དབང་དང་མཐུ་མངའ་བས། སུས་ཀྱང་ཁྱེད་ལ་འགྲན་མི་ནུས། 7 ངེད་ཅག་གི་དཀོན་མཆོག་ལགས། སྔར་ཁྱེད་ཀྱིས་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་གྱི་མདུན་ནས་ཡུལ་ཁམས་འདིའི་ཡུལ་མི་ཐམས་ཅད་བསྐྲད་དེ། ཁྱེད་ཀྱི་མཛའ་བོ་ཨབ་ར་ཧམ་གྱི་བུ་རྒྱུད་ལ་ཡུལ་ཁམས་འདི་དུས་གཏན་གྱི་ནོར་སྐལ་དུ་གནང་བ་མ་ཡིན་ནམ། 8 ཁོ་རྣམས་འདིར་གནས་ཤིང་། ཡང་ཁྱེད་ཀྱི་མཚན་གྱི་ཕྱིར་དམ་པའི་གནས་ཤིག་བཞེངས་ཏེ་ན་རེ། 9 གལ་ཏེ་ངེད་ཅག་ལ་རལ་གྲིའམ། ཉེས་ཆད་དམ། རིམས་ནད་དམ། མུ་གེ་ལ་སོགས་པའི་རྐྱེན་ངན་གང་རུང་འབྱུང་བ་དང་། དཀའ་སྡུག་གི་དུས་སུ་ངེད་ཅག་མཆོད་ཁང་འདི་དང་ཁྱེད་ཀྱི་དྲུང་དུ་ལངས་བསྡད་ནས་ཁྱེད་ལ་འོ་དོད་བོས་ན། ཁྱེད་ཀྱིས་གསན་ནས་སྐྱོབ་པར་འགྱུར་ཏེ། ཁྱེད་ཀྱི་མཚན་ནི་མཆོད་ཁང་འདིར་བཞུགས་པས་སོ་ཞེས་སྨྲས་སོ། ། 10 ད་ལྟ་འདི་རུ་ཨམ་མོན་པ་དང་མོ་ཨབ་པ་དང་། རི་སེ་ཨིར་པ་བཅས་ཡོད་ལ། སྔར་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་དུས་སུ། ཁྱེད་ཀྱིས་ཁོ་རྣམས་དེ་དག་གི་ཡུལ་དུ་འགྲོ་རུ་མ་གནང་། དེའི་དུས་སུ་ཡེས་ར་ཨེལ་པ་རྣམས་ཁོ་ཚོ་དང་བྲལ་ནས་ཁོ་ཚོ་མེད་པར་མ་བྱས། 11 ད་ནི་ཁྱེད་ཀྱིས་གཟིགས་དང་། ཁོ་ཚོས་ང་ཚོར་འདི་ལྟར་ལན་འཇལ་བ་སྟེ། ཁོ་རྣམས་འོངས་ནས་ངེད་རྣམས་ཁྱེད་ཀྱིས་ས་སྐལ་དུ་གནང་བའི་ཡུལ་ལས་སྐྲོད་པར་འདོད་དོ། ། 12 ཀྱེ་ངེད་ཅག་གི་དཀོན་མཆོག་ལགས། ཁྱེད་ཀྱིས་དེ་དག་ལ་ཁྲིམས་ཆད་མི་གཅོད་དམ། ཅི་ལ་ཞེ་ན། ངེད་ཅག་ལ་འཐབ་ཏུ་འོངས་པའི་དམག་དཔུང་ཆེན་པོ་འདི་དང་འགྲན་པའི་སྟོབས་མེད་དེ། ཅི་བྱེད་དགོས་པའང་མི་ཤེས་པས། ཁྱེད་ཁོ་ནར་རེ་ལྟོས་བྱེད་པ་ཡིན་ཞེས་ཞུས། 13 དེའི་ཚེ་ཡ་ཧུ་དཱ་པ་ཐམས་ཅད་དེ་ཐ་ན་ཁོ་རྣམས་ཀྱི་ཕྲུ་གུ་དང་ཆུང་མ། བུ་དང་བུ་མོ་བཅས་ཀྱང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལངས་བསྡད་པ་ཡིན། 14 དེ་ནས་དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ནི་མི་ཚོགས་ཁྲོད་དུ་ལེ་ཝི་པ་ཨ་སབ་ཀྱི་བུ་རྒྱུད་ཡཱ་ཧ་ཟི་ཨེལ་ལ་བབས་ཤིང་། དེ་ནི་མད་ཐན་ཡཱའི་གསུམ་ཚ་དང་ཡེ་ཨི་ཨེལ་གྱི་ཡང་ཚ་སྟེ། པེ་ནཱ་ཡའི་ཚ་བོ་དང་ཟཱ་ཀར་ཡའི་བུ་ཡིན་ནོ། ། 15 དེར་ཡེ་ཧ་ཟི་ཨེལ་ན་རེ། ཀྱེ་ཡ་ཧུ་དཱ་པ་ཐམས་ཅད་དང་ཡེ་རུ་སཱ་ལེམ་གྱི་འབངས་རྣམས་དང་རྒྱལ་པོ་ཡེ་ཧོ་ཤ་ཕད་ལགས། ཁྱེད་རྣམས་ཀྱིས་གསན་པར་མཛོད། དཀོན་མཆོག་ཡ་ཝཱེས་ཁྱེད་ཚོ་ལ་འདི་སྐད་དུ། དམག་འཁྲུག་གི་རྒྱལ་ཁ་ནི་ཁྱོད་རྣམས་ལ་རག་མི་ལས་ཏེ་དཀོན་མཆོག་ལ་རག་ལས་པས། དམག་དཔུང་ཆེན་པོ་འདིའི་རྐྱེན་གྱིས་མ་འཇིགས་མ་ཚབས་ཤིག 16 སང་ཉིན་ཁྱོད་ཅག་དེ་དག་དང་འཐབ་ཏུ་མར་བོབས་ཤིག་དང་། ལྟོས་དང་། དེ་དག་ཙི་སིའི་ལ་ངོས་སུ་ཡར་འཛེགས་ནས་འོང་ངེས། ཡེ་རུ་ཨེལ་དབེན་སྟོང་གི་ཤར་ཕྱོགས་སུ་ལུང་པའི་ཁར་ཁྱོད་ཅག་དེ་དག་དང་འཕྲད་པར་འགྱུར། 17 ཀྱེ་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་རྣམས། ཐེངས་འདིར་ཁྱོད་ཅག་དེ་དག་དང་མི་འཐབ་པར་གཡུལ་ས་བསྲུངས་ནས་ལངས་བསྡད་དེ། དཀོན་མཆོག་ཡ་ཝཱེས་ཁྱོད་ཚོ་སྐྱོབ་ལུགས་ལ་ལྟོས་ཤིག ཁྱོད་རྣམས་མ་འཇིགས་མ་ཚབས་ཤིག དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་དང་མཉམ་དུ་བཞུགས་པས། སང་ཉིན་དེ་རྣམས་ཀྱི་གདོང་བསུ་བར་སོང་ཞིག་ཅེས་གསུངས་སོ་ཞེས་བསྒོས་པ་དང་། 18 ཡེ་ཧོ་ཤ་ཕད་ཀྱིས་གདོང་སར་གཏད་ནས་ཕྱག་བཙལ་བ་དང་། ཡ་ཧུ་དཱ་པ་རྣམས་དང་ཡེ་རུ་སཱ་ལེམ་པ་ཐམས་ཅད་ཀྱིས་ཀྱང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕྱག་བཙལ་ནས་ཁོང་ལ་བསྙེན་བཀུར་ཞུས་སོ། ། 19 དེ་ནས་ལེ་ཝི་པ་ཀོ་ཧད་པའི་བུ་རྒྱུད་རྣམས་དང་ཀོ་རཱག་པའི་བུ་རྒྱུད་རྣམས་ཡར་ལངས་ནས་སྐད་ཆེན་པོས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་ཕུལ་ཏོ། ། 20 དེའི་ཕྱི་ཉིན་ཞོགས་པར་ཁོ་རྣམས་སྔ་མོར་ལངས་ནས། ཐེ་ཀོ་ཨ་ཡི་དབེན་སྟོང་དུ་ཕྱིན་ཏེ། དེ་དག་ཆས་དུས་སུ་ཡེ་ཧོ་ཤ་ཕད་ཡར་ལངས་ཏེ་ན་རེ། ཀྱེ་ཡ་ཧུ་དཱ་པ་རྣམས་དང་ཡེ་རུ་སཱ་ལེམ་པ་རྣམས། ཁྱོད་ཚོས་བདག་ལ་ཉོན་དང་། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་དད་པར་གྱིས་ཤིག་དང་། ཁྱོད་རྣམས་བརྟན་པོར་ཚུགས་པར་འགྱུར། ཁོང་གི་ལུང་སྟོན་པ་ལ་ཡིད་ཆེས་བྱོས་ཤིག ཁྱོད་ཅག་གི་དོན་ཀུན་འགྲུབ་པར་འགྱུར་ཞེས་སྨྲས་ནས། 21 ཡེ་ཧོ་ཤ་ཕད་དང་ཡུལ་མི་རྣམས་གྲོས་བྱས་པ་དང་། དཀོན་མཆོག་ཡ་ཝཱེ་ལ་བསྟོད་དབྱངས་འབུལ་མཁན་རྣམས་བསྐོས་ནས་ཆོས་གོས་དམ་པ་བསྐོན་ཏེ། དམག་ཚོགས་ཀྱི་མདུན་དུ་སོང་ནས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་ཅིང་ན་རེ། དཀོན་མཆོག་ཡ་ཝཱེའི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ་གནས་པས་ཁྱོད་ཚོས་ཁོང་ལ་བསྟོད་པར་འོས་ཞེས་བསྐུལ། 22 དེ་དག་གིས་བསྟོད་དབྱངས་འབུལ་འགོ་བརྩམས་པ་ཙམ་གྱིས། དཀོན་མཆོག་ཡ་ཝཱེས་འཇབ་དམག་རྣམས་མངགས་ཏེ་ཡ་ཧུ་དཱ་ལ་འཐབ་ཏུ་འོངས་པའི་ཨམ་མོན་པ་དང་། མོ་ཨབ་པ་དང་། རི་སེ་ཨིར་པ་རྣམས་གསོད་པར་མཛད་པ་ལ་དེ་དག་ཕམ་པར་བརྒྱབ་པའོ། ། 23 ཡང་ཨམ་མོན་པ་དང་མོ་ཨབ་པ་རྣམས་ལངས་ནས་སེ་ཨིར་རི་བོའི་ཡུལ་མི་རྣམས་ལ་རྒོལ་ཞིང་དེ་རྣམས་ཡོངས་སུ་ཚར་བཅད་པ་དང་། སེ་ཨིར་རི་བོའི་ཡུལ་མི་རྣམས་ཚར་བཅད་རྗེས་དེ་དག་གིས་ཕན་ཚུན་གསོད་རེས་བྱས། 24 དེ་ནས་ཡ་ཧུ་དཱ་པ་རྣམས་དབེན་སྟོང་དུ་སོ་པའི་མཁར་ལ་སླེབས་ཤིང་དམག་དཔུང་ཆེན་པོ་དེ་ལ་བལྟས་པ་ན། ལྟོས་དང་། མི་རོས་ས་སྟེང་ཁེབས་འདུག་པ་མཐོང་སྟེ་གཅིག་ཀྱང་མ་ཐར་རོ། ། 25 ཡེ་ཧོ་ཤ་ཕད་དང་ཁོང་གི་མི་རྣམས་དེ་དག་གི་རྒྱུ་ནོར་འཕྲོག་ཏུ་འོངས་པ་ལ། མི་རོའི་ཁྲོད་དུ་རྒྱུ་ནོར་དང་གྱོན་གོས། རིན་པོ་ཆེ་བཅས་ཧ་ཅང་མང་པོ་ཡོད་པ་མཐོང་ཞིང་། ཁོ་རྣམས་ཀྱིས་དེ་ཡོད་ཚད་བླངས་ནས་རང་གི་བྱས་པ་དང་། བཅོམ་ནོར་ཤིན་ཏུ་མང་བས་འཁྱེར་མི་ཐུབ་པ་ཙམ་བྱུང་ལ་ཡང་ཉིན་གསུམ་གྱི་རིང་ལ་བསྡུས། 26 དེ་ནས་ཉིན་བཞི་པར་དེ་རྣམས་པེ་ར་ཀ་ལུང་པ་རུ་འཛོམས་ཏེ། དེར་དཀོན་མཆོག་ཡ་ཝཱེ་ལ་བསྟོད་དབྱངས་ཕུལ་བའི་རྐྱེན་གྱིས། ས་ཆ་དེའི་མིང་ལ་དེ་རིང་གི་བར་དུ་པེ་ར་ཀ་ལུང་པ་ཟེར། 27 དེ་ནས་ཡེ་ཧོ་ཤ་ཕད་ཀྱི་སྣེ་ཁྲིད་འོག་ཏུ་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་ཐམས་ཅད་དགའ་མགུའི་ངང་ཡེ་རུ་སཱ་ལེམ་དུ་ལོག་སྟེ། དཀོན་མཆོག་ཡ་ཝཱེས་དེ་དག་དགྲ་ལས་རྒྱལ་བར་མཛད་པའི་རྐྱེན་གྱིས་ཤིན་ཏུ་དགའ་བར་གྱུར། 28 དེ་དག་གིས་རྒྱུད་མངས་དང་པི་ཝང་དང་། དུང་བཅས་ཁྱེར་ནས་ཡེ་རུ་སཱ་ལེམ་དུ་སླེབས་ཏེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་སོང་། 29 ཡང་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་དགྲ་རྣམས་ལ་འཐབ་ནས་ཕམ་པར་མཛད་པའི་གཏམ་དེ་རྒྱལ་ཁམས་ཐམས་ཅད་ཀྱིས་ཐོས་ནས། དེ་རྣམས་དཀོན་མཆོག་ལ་ཤིན་ཏུ་འཇིགས་པར་གྱུར། 30 དེ་ལྟར་ཡེ་ཧོ་ཤ་ཕད་ཀྱི་དཀོན་མཆོག་གིས་ཁོང་གི་ཕྱོགས་བཞི་བདེ་ལ་བཀོད་པས། ཁོང་གི་རྒྱལ་ཁམས་བདེ་བར་གནས་སོ། །
ཡེ་ཧོ་ཤ་ཕད་ཚེ་ལས་འདས་པ།
31 ཡང་ཡེ་ཧོ་ཤ་ཕད་ཡ་ཧུ་དཱའི་རྒྱལ་པོར་བཞུགས་དུས་དགུང་ལོ་སོ་ལྔ་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ལོ་ཉེར་ལྔའི་རིང་ལ་རྒྱལ་སྲིད་བསྐྱངས། ཁོང་གི་ཡུམ་ནི་ཤིལ་ཧིའི་སྲས་མོ་ཨ་ཟུ་བཱ་ཞེས་པ་ཡིན། 32 ཡེ་ཧོ་ཤ་ཕད་ནི་རང་གི་ཡབ་ཨ་སཱའི་ལམ་གྱི་ནང་དུ་འགྲུལ་ཞིང་དེ་ལས་མ་འཁྱར་བར། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད་དོ། ། 33 འོན་ཀྱང་མཐོ་གླིང་རྣམས་ད་དུང་མ་བཤིག་པར་བཞག་ཅིང་། མི་རྣམས་ད་དུང་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་ཕྱོགས་སུ་སེམས་མ་འཁོར། 34 ཡེ་ཧོ་ཤ་ཕད་ཀྱི་མཛད་རྗེས་གཞན་རྣམས་འགོ་ནས་མཇུག་བར་དུ་ཐམས་ཅད་ཧ་ནཱ་ནེའི་བུ་ཡེ་ཧུས་ཡི་གེར་བཀོད་པའི་གཏམ་སྤྱོད་ཀྱི་མདོ་དེའི་ནང་དུ་བཀོད་ཡོད་ལ། ཡང་གཏམ་སྤྱོད་ཀྱི་མདོ་དེ་ནི་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་ནང་དུ་བཀོད་ཡོད། 35 ཕྱིས་སུ་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་ཡེས་ར་ཨེལ་གྱི་རྒྱལ་པོ་སྡིག་སྤྱོད་ཅན་ཨ་ཧ་ཟི་ཡཱ་དང་མཉམ་འབྲེལ་བྱས། 36 ཁོ་གཉིས་ཀྱིས་ཐཱར་ཞིས་ལ་འགྲོ་བའི་ཆེད་དུ་ཨེ་ཙི་ཡོན་གེ་བེར་དུ་གྲུ་གཟིངས་བཟོས། 37 དེའི་དུས་སུ་མཱ་རེ་ཤ་པ་དོ་དཱ་ཝའི་བུ་ཨེ་ལི་ཨེ་བཟིར་གྱིས་ཡེ་ཧོ་ཤ་ཕད་ལ་ལུང་བསྟན་ཏེ་ན་རེ། ཁྱོད་ཨ་ཧ་ཟི་ཡཱ་དང་མཉམ་འབྲེལ་བྱས་པས་ན། དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱིས་བཟོས་པའི་གྲུ་གཟིངས་རྣམས་གཏོར་བར་འགྱུར་ཞེས་སྦྲན་པ་དང་། ཕྱིས་སུ་གྲུ་དེ་དག་དངོས་གནས་གཏོར་བ་དང་ཐཱར་ཞིས་སུ་འགྲོ་མ་ནུས་སོ། །

<- སྔོན་རབས་གཉིས་པ། 19སྔོན་རབས་གཉིས་པ། 21 ->
  • སྔོན་རབས་གཉིས་པ།