ལེའུ་བཅུ་དགུ་པ།
ལུང་སྟོན་པས་ཡེ་ཧོ་ཤ་ཕད་ལ་གཤེ་གཤེ་བཏང་བ།
1 དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་བདེ་བར་ཡེ་རུ་སཱ་ལེམ་གྱི་རང་གི་ཕོ་བྲང་དུ་ཕྱིར་སླེབས་པ་དང་། 2 ཧ་ནཱ་ནེའི་བུ་མངོན་ཤེས་པ་ཡེ་ཧུ་ཁོང་བསུ་རུ་འོངས་ནས། རྒྱལ་པོ་ཡེ་ཧོ་ཤ་ཕད་ལ་འདི་ལྟར། ཁྱོད་མི་ངན་གྱི་གྲོགས་བྱེད་ཅིང་དཀོན་མཆོག་ཡ་ཝཱེར་སྡང་མཁན་ལ་དགའ་བ་ཅི་ཡིན་ནམ། དེའི་ཕྱིར་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ཁྱོད་ཀྱི་ཐོག་ཏུ་བབས་སོ། ། 3 འོན་ཀྱང་ཁྱོད་ཀྱིས་ཡུལ་འདི་ནས་ཨ་ཤེ་རཱ་རྣམས་ཚར་བཅད་དེ། དཀོན་མཆོག་བཙལ་བའི་སེམས་ཐག་བཅད་པའི་དབང་གིས། ཁྱོད་ལས་ད་དུང་བཟང་ཆ་རྙེད་ནུས་ཞེས་གདམས།
ཡེ་ཧོ་ཤ་ཕད་ཀྱི་བཅོས་བསྒྱུར།
4 ཡེ་ཧོ་ཤ་ཕད་ནི་ཡེ་རུ་སཱ་ལེམ་དུ་གནས་དུས། ཡང་ཁོང་པེར་ཤ་བཱ་ནས་ཨེ་ཕཱར་ཡིམ་གྱི་རི་ཁུལ་དུ་མི་རྣམས་ཀྱི་ཁྲོད་དུ་ཕྱིན་ཏེ། འབངས་རྣམས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ཕྱིར་ཁྲིད་འོངས་པ་དང་། 5 ཡང་ཁོང་གིས་ཡ་ཧུ་དཱའི་འགོག་སྲུང་གྲོང་ཁྱེར་ཐམས་ཅད་ཀྱི་ནང་དུ་ཁྲིམས་དཔོན་བཞག་ནས། 6 ཁོང་གིས་ཁྲིམས་དཔོན་རྣམས་ལ་ན་རེ། ཁྱོད་ཚོས་ཅི་ཞིག་བྱས་ཀྱང་དོགས་ཟོན་གྱིས་ཤིག ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་དོན་དུ་ཁྲིམས་གཅོད་པ་ལས་མི་རྣམས་ཀྱི་ཆེད་དུ་ཁྲིམས་གཅོད་པ་མ་ཡིན་ཏེ། ཁྲིམས་གཅོད་དུས་ཀྱང་ཡ་ཝཱེ་ཁྱོད་རྣམས་དང་མཉམ་དུ་བཞུགས་པ་ཡིན། 7 ད་ནི་ཁྱོད་ཅག་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པར་གྱུར་ཅིག བྱ་བ་ཐམས་ཅད་ཀྱི་ནང་དུ་དོགས་ཟོན་གྱིས་ཤིག ཅི་ལ་ཞེ་ན། རང་ཅག་གི་དཀོན་མཆོག་ཡ་ཝཱེས་དྲང་བདེན་གྱི་ལས་སྒྲུབ་པ་དང་མི་ཡི་ཁ་ངོར་མི་བལྟ། གསུག་ཀྱང་མི་ལེན་ནོ་ཞེས་སྨྲས་སོ། ། 8 ཡེ་ཧོ་ཤ་ཕད་ཀྱིས་ཡང་ཡེ་རུ་སཱ་ལེམ་དུ་ལེ་ཝི་པ་དང་མཆོད་དཔོན། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་རྣམས་ལས། དཀོན་མཆོག་ཡ་ཝཱེའི་ཕྱིར་དཔྱད་ཁྲ་གཏོང་བ་དང་། ཡེ་རུ་སཱ་ལེམ་གྱི་འབངས་མིའི་ཆེད་དུ་ཁྲིམས་གཅོད་པར་མི་འགའ་རེ་བསྐོས་པ་ཡིན་ནོ། ། 9 ཡང་ཁོང་གིས་དེ་རྣམས་ལ་བཀའ་བསྩལ་ནས་ན་རེ། ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པའི་སེམས་བཅངས་ནས་བློ་དཀར་བ་དང་སེམས་ཧྲིལ་པོས་དོན་རྣམས་སྒྲུབས་ཤིག 10 ཁྱོད་ཚོའི་གྲོང་ཁྱེར་སོ་སོར་གནས་པའི་སྤུན་ཟླ་རྣམས་ཀྱིས་ཁྱོད་ཅག་གི་མདུན་དུ་ཁྱེར་ཡོང་བའི་གྱོད་གཞི་ཐམས་ཅད་ནི། ཁྲག་བཞུར་བའི་དོན་རྐྱེན་ནམ། ཡང་ན་བཀའ་ཁྲིམས་དང་བཀའ་རྒྱ། ཁྲིམས་སྲོལ། སྲོལ་ཡིག་བཅས་དང་འབྲེལ་བའི་གྱོད་གཞི་གང་ཡིན་ཡང་། དེ་དག་གིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཉེས་པ་མི་བྱེད་པ་དང་། ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་སྤུན་གྱི་སྟེང་དུ་ཁོང་གི་ཐུགས་ཁྲོ་མི་འབབ་པའི་ཆེད་དུ། དེ་དག་ལ་ཉེན་བརྡ་ཐོངས་ཤིག དེ་ལྟར་བྱས་ན་ཁྱོད་ཅག་ལ་སྡིག་པ་མེད་དོ། ། 11 དཀོན་མཆོག་ཡ་ཝཱེ་ལ་གཏོགས་པའི་བྱ་བ་ཐམས་ཅད་ཀྱི་ཕྱིར་མཆོད་དཔོན་ཆེན་པོ་ཨ་མར་ཡཱ་ཡིས་ཁྱོད་ཚོའི་ཆེད་དུ་ཐག་གཅོད་བྱེད་པ་དང་། རྒྱལ་པོར་གཏོགས་པའི་བྱ་བ་ཐམས་ཅད་ཀྱི་ཕྱིར་ཡ་ཧུ་དཱའི་ཁྱིམ་རྒྱུད་ཀྱི་འགོ་དཔོན་ཡེས་མ་ཨེལ་གྱི་བུ་ཟེ་པད་ཡཱ་ཡིས་ཁྱོད་ཚོའི་ཆེད་དུ་ཐག་གཅོད་བྱེད་པ་ཡིན། ཡང་ལེ་ཝི་པ་དག་ནི་ཁྱོད་ཅག་གི་མདུན་དུ་ཡོད་པའི་ལས་སྣེ་པའོ། །ཁྱོད་ཚོས་སྙིང་སྟོབས་བསྐྱེད་དེ་དོན་རྣམས་སྒྲུབས་ཤིག དཀོན་མཆོག་ཡ་ཝཱེ་ནི་མི་བཟང་པོ་དང་མཉམ་དུ་བཞུགས་ངེས་ཡིན་ཞེས་གསུངས་སོ། །
<- སྔོན་རབས་གཉིས་པ། 18སྔོན་རབས་གཉིས་པ། 20 ->
སྔོན་རབས་གཉིས་པ།