ལེའུ་བཅོ་ལྔ་པ།
ཨ་སཱའི་བཅོས་བསྒྱུར།
1 དེ་ནས་ཨོ་དེད་ཀྱི་བུ་ཨ་ཟར་ཡཱ་ལ་དཀོན་མཆོག་གི་ཐུགས་ཉིད་བབས་པ་དང་། 2 ཁོ་ཨ་སཱ་བསུ་རུ་སོང་ནས་ན་རེ། ཀྱེ་ཨ་སཱ་དང་ཡ་ཧུ་དཱ། པེན་ཡཱ་མེན་པ་ཐམས་ཅད་ཀྱིས་བདག་ལ་ཉོན་དང་། ཁྱོད་ཅག་དཀོན་མཆོག་ཡ་ཝཱེའི་རྗེས་སུ་འབྲངས་ན་ཁོང་ཡང་ཁྱོད་དང་མཉམ་དུ་བཞུགས་ཏེ། གལ་ཏེ་ཁྱོད་ཚོས་ཁོང་བཙལ་ན་རྙེད་པར་འགྱུར་ལ། ཁྱོད་ཚོས་ཁོང་སྤངས་ན། ཁོང་གིས་ཀྱང་ཁྱོད་ཅག་སྤང་བར་འགྱུར། 3 ཡེས་ར་ཨེལ་པ་རྣམས་བདེན་པའི་དཀོན་མཆོག་དང་བྲལ་ཏེ། བསླབ་བྱ་གནང་མཁན་གྱི་མཆོད་དཔོན་དང་བཀའ་ཁྲིམས་མེད་པར་དུས་ཡུན་རིང་པོ་འགོར་ན་ཡང་། 4 དེ་ཚོས་དཀའ་སྡུག་དང་ཕྲད་པའི་དུས་སུ་སེམས་བསྒྱུར་ནས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་ལོག་འོངས་ནས་ཁོང་བཙལ་བ་ལ་ཁོང་རྙེད་པ་ཡིན། 5 དེའི་ཚེ་ཕྱི་རུ་འགྲོ་བ་དང་ནང་དུ་འོང་མཁན་གཉིས་པོར་ཞི་བདེ་མེད་དེ། ཅི་ལ་ཞེ་ན། རྒྱལ་ཁམས་སོ་སོའི་ཡུལ་མི་ཐམས་ཅད་ལ་ཟིང་འཁྲུག་ལངས་པས་སོ། ། 6 དཀོན་མཆོག་གིས་བར་ཆད་སྣ་ཚོགས་ཀྱིས་ཁོ་རྣམས་འཁྲུག་པར་མཛད་པས། རྒྱལ་ཁམས་འདིས་རྒྱལ་ཁམས་གཞན་མེད་པར་གཏོང་བ་དང་། གྲོང་ཁྱེར་འདིས་གྲོང་ཁྱེར་གཞན་མེད་པར་གཏོང་བ་ཡིན། 7 འོན་ཀྱང་ཁྱོད་ཚོས་སྤོབས་པ་བསྐྱེད་ནས་དཔའ་ཞུམ་པར་མི་བྱའོ། །རྒྱུ་མཚན་ཁྱོད་ཅག་གི་སྤྱོད་པ་ལ་རྔན་པ་ཐོབ་པར་འགྱུར་ངེས་ཡིན་ཞེས་གདམས་སོ། ། 8 ཨ་སཱ་ཡིས་གཏམ་དེ་རྣམས་དང་ཨོ་དེད་ཀྱི་བུ་སྟེ་ལུང་སྟོན་པ་ཨ་ཟར་ཡཱ་ཡི་ལུང་བསྟན་ཐོས་ནས། ཁོང་ལ་དཔའ་འཛོམས་ཏེ། ཡ་ཧུ་དཱ་དང་པེན་ཡཱ་མེན་གྱི་ཡུལ་ཐམས་ཅད་དང་། ཨེ་ཕཱར་ཡིམ་རི་ཁུལ་ནས་བླངས་པའི་གྲོང་ཁྱེར་ཐམས་ཅད་ནས་སྐུ་འདྲ་ཞེན་ལོག་རྣམས་མེད་པར་བཟོས་ཤིང་། ཡང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཁྱམས་རའི་མདུན་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་བསྐྱར་བཞེངས་བྱས་སོ། ། 9 ཡང་ཁོང་གིས་ཡ་ཧུ་དཱ་པ་དང་པེན་ཡཱ་མེན་པ་ཐམས་ཅད་དང་། དེ་རྣམས་ཀྱི་ཁྲོད་དུ་བྱེས་སུ་སྡོད་པའི་ཨེ་ཕཱར་ཡིམ་པ་དང་མཱ་ན་ཤེ་པ་དང་སི་མུ་ཨོན་པ་རྣམས་བསྡུས། ཡེས་ར་ཨེལ་པ་རྣམས་ཀྱིས་ཨ་སཱ་ཡི་དཀོན་མཆོག་ཡ་ཝཱེ་ཁོང་དང་མཉམ་དུ་བཞུགས་པ་མཐོང་སྟེ། མི་ཤིན་ཏུ་མང་པོ་ཨ་སཱའི་ཕྱོགས་སུ་འཛོམས་པ་ཡིན། 10 ཨ་སཱ་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་བཅོ་ལྔ་པའི་ཟླ་གསུམ་པ་ལ་དེ་རྣམས་ཡེ་རུ་སཱ་ལེམ་དུ་འཛོམས། 11 ཉིན་དེར་དེ་དག་གིས་ཕྲོགས་འོངས་པའི་བཅོམ་ནོར་ལས་གླང་བདུན་བརྒྱ་དང་། ར་ལུག་བདུན་སྟོང་དཀོན་མཆོག་ཡ་ཝཱེ་ལ་མཆོད་པར་ཕུལ་ནས། 12 དེ་དག་གིས་བློ་གཅིག་སེམས་གཅིག་གིས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་འཚོལ་བར་དམ་བཅས་པ་དང་། 13 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ཁོང་ཉིད་མི་འཚོལ་མཁན་རྣམས་ནི། ཕོ་མོ་རྒན་གཞོན་སུ་ཡིན་ཡང་གསོད་རྒྱུ་བྱས་ནས། 14 སྐད་ཆེན་པོས་ཀི་སྒྲ་བསྒྲགས་ཤིང་། དུང་དང་རྭ་དུང་འབུད་བཞིན་དཀོན་མཆོག་ཡ་ཝཱེའི་དྲུང་དུ་མནའ་བསྐྱལ་ཏེ། 15 ལྷག་བསམ་ཟོལ་མེད་ཀྱིས་མནའ་བསྐྱལ་བས་ཡ་ཧུ་དཱ་པ་མཐའ་དག་མནའ་དེའི་ཕྱིར་དགའ་བར་གྱུར་པ་དང་། རྩེ་གཅིག་གིས་དཀོན་མཆོག་ཡ་ཝཱེ་བཙལ་བས་ཁོང་རྙེད་ཅིང་། ཁོང་གིས་དེ་རྣམས་ཕྱོགས་བཞི་ནས་བདེ་ལ་བཀོད་པའོ། ། 16 དེ་ནས་རྒྱལ་པོ་ཨ་སཱས་ཀྱང་རང་གི་རྨོ་མོ་མཱ་ཨ་ཀཱ་ཞེས་པ་རྒྱལ་ཡུམ་གྱི་གོ་ས་ལས་ཕབ། ཅིའི་ཕྱིར་ཞེ་ན། དེས་ཨ་ཤེ་རཱ་ཡི་སྐུ་ཞེན་ལོག་ཅན་ཞིག་བཞེངས་པས་སོ། །ཨ་སཱས་སྐུ་དེ་བཅག་ནས་རྡུལ་དུ་བརླག་སྟེ་ཀིད་རོན་ཆུ་བོའི་འགྲམ་ནས་མེར་བསྲེགས་སོ། ། 17 འོན་ཀྱང་ཡེས་ར་ཨེལ་གྱི་ནང་དུ་མཐོ་གླིང་རྣམས་ད་དུང་མ་བཤིག་པར་ལུས་མོད། ཨ་སཱའི་སེམས་སུ་ཚེ་གང་པོར་ཡ་ཝཱེ་ལ་བློ་དཀར་བ་ཡིན། 18 ཨ་སཱས་རང་གི་ཕ་ཡིས་དམ་པར་བསྔོས་པ་དང་། རང་གིས་དམ་པར་བསྔོས་པའི་གསེར་དངུལ་དང་། མཆོད་རྫས་ཐམས་ཅད་དཀོན་མཆོག་གི་མཆོད་ཁང་ནང་དུ་བཅུག་པ་ཡིན། 19 དུས་དེ་ནས་བཟུང་ཨ་སཱས་རྒྱལ་སྲིད་བསྐྱངས་པའི་ལོ་སོ་ལྔའི་བར་དུ་དམག་འཁྲུག་མ་བྱུང་ངོ་། །
<- སྔོན་རབས་གཉིས་པ། 14སྔོན་རབས་གཉིས་པ། 16 ->
སྔོན་རབས་གཉིས་པ།